ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ཐན་ཀྲུང་ཝེ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།

《 海南报-藏文 》( 2025年09月24日 第 01 版 )

རང་ཚགས་པར་གྱི་འཕྲིན། ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་རྣམ་གཉིས་ཀྱིས་འཚམས་འདྲིར་ཕེབས་པའི་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅིའམ་ཅུའུ་ཀྲང་ཐན་ཀྲུང་ཝེ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ་དང་།ཕྱོགས་གཉིས་ཀྱིས་ནོར་ཁྲལ་བཅོས་སྒྱུར་གཏིང་ཟབ་དང་། ཁྲལ་ཁུངས་ཀྱི་སྒྲིག་གཞི་ལེགས་བཅོས།ཁྲལ་བསྡུ་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས་བསམ་ཚུལ་བརྗེ་རེས་བྱས།

ལིས་ཀང་གིས་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་དུས་ཡུན་རིང་བོའི་ནང་མཚོ་ལྷོའི་བྱ་གཞག་སོ་སོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ།རང་ཁུལ་གྱི་གནས་བབ་དང་ཁྱད་ཆོས།ཕུན་སུམ་ཚོགས་པའི་ཐོན་ཁུངས།མིག་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་མཚམས་སྦྱོར་བྱས་པ་རེད།ཁོས་ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ།རླུང་དང་འོད། ཆུ། ཚ། གསོག་ནུས་བཅས་ནུས་མང་གསབ་རེས་ཀྱི་ནུས་ཁུངས་མཁོ་སྤྲོད་མ་ལག་ཧུར་ཐག་གིས་བཙུགས་ནས།ནུས་ཁུངས་གཙང་མ་དང་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ནུས་ལྡན་བྱས་ཡོད།མིག་སྔར།རང་ཁུལ་ནི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་ནུས་ཤུགས་ཡོད་རྒུ་འདོན་པའི་འགག་རྩ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་འཕར་སྣེ་གསར་པ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པའི་དུས་སྐབས་སུ་སླེབས་ཡོད་མོད། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་འཁོར་སྐྱོད།ཁྲལ་བསྡུའི་ཡོང་འབབ་བཅས་ཀྱི་འཕར་ཚད་སྔར་བཞིན་མཐུན་སྦྱོར་མིན་པས། ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་སྔར་བཞིན་མཚོ་ལྷོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་།བྱ་བར་ཁྲིད་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཁྲལ་ཁུངས་གསོ་སྐྱོང་དང་དོ་དམ་གྱི་ཕན་ནུས་མུ་མཐུད་ཆེ་རུ་གཏོང་བ།གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ཀྱི་ཁྲལ་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།ས་གནས་ཀྱི་ནོར་ཁྲལ་ཡོང་འབབ་ཇེ་མང་དུ་གཏོང་བ། མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱ་དགོས་པའི་རེ་བ་བཏོན།

ཐན་ཀྲུང་ཝེ་ཡིས་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ས་གནས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲལ་འཇལ་ཁུལ་གྱི་མཉམ་ལས་དང་ནོར་ཁྲལ་མཉམ་ལས་སྔར་བས་ཇེ་ཟབ་ཏུ་བཏང་སྟེ།ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།ཁྲལ་གྲོན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན།

ཀྲང་ཅི་ཙུང་ཐུག་འཕྲད་ལ་ཞུགས།