རང་ཁུལ་གྱིས་གློག་བརྙན་དང་ལྷན་དུ་ཡུལ་སྐོར་དུ་བསྐྱོད་པའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

《 海南报-藏文 》( 2025年08月13日 第 02 版 )

རང་ཚགས་པར་གྱི་འཕྲིན། ཉེ་སྔོན།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་བརྗོད་དོན་ཡིན་པའི་གློག་བརྙན་ཁྱེད་དང་འཕྲད་པ་ང་ཡི་སྔོན་ལས་ཡིན་ཞེས་པ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་སྟོན་ཚོམས་ཆེན་དུ་གཏོང་མགོ་བརྩམས་ཤིང་།གློག་བརྙན་གྱི་ལམ་ནས་ཡུལ་སྐོར་དྲིལ་སྒྲོག་གི་འོས་སྦྱོར་བྱ་འགུལ་སྤེལ་མགོ་ཚུགས་པ་རེད།

བྱ་འགུལ་ཡུལ་དངོས་སུ། གློག་བརྙན་གྱི་བརྗོད་དོན་གླུ་དབྱངས་དང་ཕབ་སྐྲུན་ཚན་ཆུང་གི་བརྙན་ཕབ་ཀྱི་ཚན་པ་ཞིག་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་མིག་ལམ་དུ་བསྟར་ལ།གློག་བརྙན་དང་ལྷན་དུ་ཡུལ་སྐོར་དུ་བསྐྱོད་ཅེས་པ་བརྗོད་བྱ་ཡིན་པའི་ཡུལ་སྐོར་གྱི་ལམ་ཐིག་ངོ་སྤྲོད་བྱས་ཏེ།གློག་བརྙན་ཁྲོད་དུ་མཚོ་སྔོན་པོ་དང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ།ཚལ་རྔ་འགགཁྲི་ཀའི་མ་ཎི་ཆུ་འཁོར་ཐང་ཆེན།ཨ་སྐོང་ས་གཤིས་སྤྱི་གླིང་གི་ལྗོངས་ཁུལ་སོགས་ཕབ་སྐྲུན་བྱེད་སའི་གནས་འགངས་ཆེན་མངོན་པར་བྱས་ཏེ།རྒྱ་ཆེའི་ལྟད་མོ་བ་དང་ཡུལ་སྐོར་བར་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོའི་རང་བྱུང་གི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ཉམས་ལེན་ཐེངས་ཤིག་བྱེད་དུ་བཅུག

གློག་བརྙན་འདིའི་འཁྲབ་ཁྲིད་པ་ཅང་ཕིང་དང་འཁྲབ་སྟོན་པ་ཧའོ་ཐེན་ལའེ།ལི་མུའུ་ཙུང་།རིན་ཆེན་དོན་གྲུབ་སོགས་གསར་རྩོམ་ཚོགས་པའི་ཚོགས་མིས་ཀྲུང་དབྱང་དང་ཞིང་ཆེན་སོགས་སྨྱན་སྦྱོར་ལས་ཁུངས་ཁག་ཅིག་གི་གསར་འགོད་པས་བཅར་འདྲི་དང་ལེན་བྱས་པ་དང་། འཁྲབ་འཁྲིད་པ་ཅང་ཕིང་གིས་མཚོ་ལྷོ་ཁུལ་གྱི་མཛེས་ལྗོངས་དང་ཟས་མཆོག་ངོ་སྤྲོད་བྱས་ཤིང་། གློག་བརྙན་ཕབ་སྐྲུན་གྱི་བརྒྱུད་རིམ་ཁྲོད་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

དངོས་བྱུང་གཏམ་རྒྱུད་ཀྱི་གློག་བརྙན་འདིས་ལྟད་མོ་བར་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་ལ།གློག་བརྙན་ལ་བལྟས་ཚར་རྗེས་ཚང་མས་བཤད་རྒྱུར།གློག་བརྙན་འདིར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མཚོ་ལྷོ་རུ་དཀའ་སྤྱད་འབད་བརྩོན་བྱས་པའི་སྙིང་སྟོབས་མཚོན་པར་བྱས་ཤིང་།བརྙན་མིག་རེ་རེ་ཡིས་སེམས་འགུལ་ཆེན་པོ་ཐེབས་པ་དང་།ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཛུགས་སྐྲུན་དང་བརྩེ་བ་ཟབ་པོ་དེ་མཚོན་ཡོད་ལ།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་མཐོ་སྒང་ཕ་ཡུལ་དུ་བརྩིས་ནས་རང་ནུས་ཅི་ལྕོགས་སྒོས་བྱ་བར་འབད་པའི་སྙིང་སྟོབས་ཀྱང་མཚོན་ཡོད། ཅང་སུའུ་དང་མཚོ་སྔོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་པ་དང་།རི་ཆུའི་མགོ་ཁུངས།རབ་མཛེས་མཚོ་སྔོན་གྱི་རང་བྱུང་མཛེས་སྡུག་དང་མི་ཆོས་རིག་གནས་ཀྱི་མཚར་སྡུག་མངོན་ཡོད་ཟེར།

ལྟད་མོ་བ་ལི་ཞའོ་ཡུས་ཀྱིས་བཤད་རྒྱུར།གློག་བརྙན་ནང་གི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ངའི་མིག་དབང་ཅིག་བཅར་འཕྲོག་སོང་ལ།དུས་ཚོད་ཡོད་ཚེ་ཁྱིམ་མི་ཚོ་དང་མཉམ་དུ་གློག་བརྙན་ཁྲོད་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་འགྲོ་རྩིས་ཡོད་ཟེར།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་འཁྲབ་འཁྲིད་པ་ཅང་ཕིང་འཁོར་དང་བཅས་པར་ཐུག་འཕྲད་གནང་སྟེ། མཚོ་ལྷོར་རོགས་སྐྱོར་བྱས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་དང་།སློབ་གསོ་དང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་གཏིང་ཟབ་སྤེལ་བར་བཀའ་དྲིན་ཞུས།མཚོ་ལྷོ་ཁུལ་དང་ཅང་སུའུ་ནན་ཐུང་གྲོང་ཁྱེར་གཉིས་ཀྱིས་མཉམ་འབྲེལ་གྱིས་ཕབ་བསྐྲུན་བྱས་པའི་མཚོ་སྔོན་རོགས་སྐྱོར་བརྗོད་དོན་ཡིན་པའི་གློག་བརྙན་ཁྱོད་དང་འཕྲད་པ་ང་ཡི་སྔོན་ལས་ཡིན་ཞེས་པ་ལས།ཅང་སུའུ་ཞིང་ཆེན་གྱིས་ལོ་ངོ་བཅོ་ལྔའི་རིང་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པར་འཕོ་འགྱུར་ཆེན་པོ་བྱུང་བ་མངོན་ཡོད་པར་མ་ཟད།མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་རང་ནུས་ཡོད་ཚད་ཕུལ་བའི་སྙིང་སྟོབས་མཚོན་ཡོད།གློག་བརྙན་གྱི་ངོ་མཚར་ཞིང་ཡིད་འགུལ་ཐེབས་པའི་བྱུང་རིམ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྒྱུ་རྩལ་གྱི་མཛེས་བ་བསྲེས་ཡོད། མཚོ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གློག་བརྙན་དྲིལ་སྒྲོག་འོས་སྦྱོར་གྱི་བྱ་བ་གཙོར་བཟུང་ནས།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྤྱན་སྔར་བཀྲམས་ཡོད། ཏང་གི་དྲིན་ཚོར་བ་དང་ཏང་གི་ཁར་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་རང་རྟོགས་ཀྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། དེ་ལས་མི་མང་པོ་ཞིག་གློག་བརྙན་དང་ལྷན་དུ་ཡུལ་སྐོར་ལ་བསྐྱོད་དེས་མཚོ་སྔོན་དུ་བསྐྱོད་པ་དང་མཚོ་ལྷོར་བསྐྱོད་ནས་རི་ཆུའི་མགོ་ཁུངས།རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོའི་མཛེས་ཉམས་ལ་རོལ་མྱོང་བྱེད་དུ་འཇུག་དགོས་ཞེས་བསྟན།