- 放大
- 缩小
- 默认
རང་ཁུལ་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2025年08月13日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས8ཉིན་གྱི་ཕྱི་དྲོར།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བྱ་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།
ཚོགས་འདུའི་སྟེང་།མིག་སྔར་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བྱ་བ་འགག་རྩའི་དུས་སུ་སླེབས་ཡོད་པ་དང་།དྲག་ཆར་འབབ་པའི་གནམ་གཤིས་དང་དུས་མགོའི་ཆར་བ་འབབ་པ་གཉིས་མཉམ་དུ་འཁེད་ཡོད་པས། འདམ་ཟགས་དང་ཆུ་ལོག་སོགས་གནོད་འཚེའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་།འབྲུབ་འགོག་གནོད་སེལ་གྱི་བྱ་བའི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཡུས་ཀྲུང་རྫོང་གི་ཆུ་ལོག་གི་གནོད་འཚེ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།ཞིང་ཆེན་འབྲུབ་འགོག་བྱ་བའི་བཀོད་གཏོང་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས།ལྷོད་གཡེང་གི་བསམ་བློ་དང་བྱ་བའི་སྤྱོད་ཚུལ་མི་ལེགས་པའི་སྒྲུབ་སྟངས་ཁྱད་བསད་བྱས་ནས་དོགས་ཟོན་ནན་མོ་བྱས་ཏེ།ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་གནོད་འཚེའི་སྔོན་བརྡ་གཏོང་བ།གནོད་འཚེ་སྔོན་འགོག་བྱེད་པ་བཅས་ལ་ཤུགས་སྣོན་པ། བྱུར་རྐྱེན་སྣ་ཚོགས་ལ་གྲལ་བཤེར་བྱ་རྒྱུ་དང་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་པ།སྐོར་ཞིབ་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱས་ནས་འབྲུབ་འགོག་གནོད་སེལ་གྱི་བྱ་བ་སོ་སོ་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་དགོས།
གྲོས་ཚོགས་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་ནམ་ཡང་མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་གཙོར་བཟུང་སྟེ།དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་འབྲུབ་འགོག་གནོད་སེལ་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་སྔར་ལས་བཟང་བོ་བྱས་ཏེ།ཉེན་ཁ་མྱུར་སེལ་ལ་གྲ་སྒྲིག་བཟང་བོ་བྱས་ནས་གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ཐུབ་པའི་ནུས་པ་འདོན་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་།ཆར་ཆུའི་གནས་ཚུལ་དང་གནམ་གཤིས་འགྱུར་ལྡོག་ལ་ཞིབ་བཤེར་ནན་མོ་བྱས་ནས་བབ་བསྟུན་མྱུར་སྐྱོབ་ཀྱི་སྔོན་འགོག་བྱ་དགོས་ལ།དུས་ཐོག་ཏུ་འཕྲལ་སྡོམ་དང་ལེན་བྱེད་པ་དང།བྱུར་རྐྱེན་དང་ཆུ་ལོག་གི་ཉེན་ཁར་གྲལ་བཤེར་ནན་མོ་བྱ་དགོས་པ་དང་། སྔ་མོ་ནས་གནས་སྤོ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བླང་བྱ་ལྟར་དམིགས་བསལ་ཚོགས་སྤྱིའི་རོགས་སྐྱོར་དང་བཀོད་སྒྲིག་འགན་སྲུང་ལེགས་པོ་བྱ་དགོས། འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་ནས་རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་བཀོད་སྒྲིག་ཞིབ་ཚགས་དང་།བཀོད་འདོམས་ལེགས་པོར་བརྟེན་ནས་འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དང་།ཆ་འཕྲིན་མྱུར་སྤྱོད་ཐུབ་པའི་ཕྱོགས་སུ་ཤུགས་རྒྱག་པ།འབྲུབ་འགོག་གི་གྲ་སྒྲིག་བྱ་བ་ལེགས་པར་བསྒྲུབ་ནས།བདེ་འཇགས་ཀྱིས་འབྲུབ་འགོག་ལས་བརྒལ་ཐུབ་པར་འགན་ལེན་བྱས་ཏེ།གྱོང་གུད་མི་ཐེབས་པའི་བསམ་བློ་བརྟན་པོར་བཙུགས་ནས་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཀྱི་བྱ་བ་སོ་སོ་ལེགས་པར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་ནན་མོ་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་དང་དགེ་འདུན་རྒྱལ།སུང་ཅོན་ཞཱ།ཀུན་འགྲུབ་ཚེ་རིང་།རྫོང་ཨུ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་།ཁུལ་འབྲུབ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།