སྤྱོད་ཚུལ་ལེགས་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་གྱི་བྱ་བར་གྲུབ་འབྲས་གསར་པ་ལེན་པར་བརྩོན་དགོས།

ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་ གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་པ།

ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་གསུང་བཤད་གནང་བ།

《 海南报-藏文 》( 2025年08月13日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས8ཉིན།ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ཤིང་།ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་སྐོར་གྱི་བསམ་བློའི་དགོངས་པ་དང་ཏང་གི་ཀུན་སྤྱོད་ལེགས་བཅོས་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཇེ་ལེགས་སུ་བཏང་སྟེ།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་གཏིང་ཟབ་སྒོས་དོན་འཁྱོལ་བྱས་ལ།དྲིན་ཚོར་ཡར་བསྐྱེད་དང་འབད་འབུངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་གྱི་བྱ་བར་གྲུབ་འབྲས་གསར་བ་ལེན་པར་བརྩོན་དགོས།

ཚང་འཛོམས་གྲོས་ཚོགས་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གསུང་བཤད་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱོགས་བསྡོམས་བྱས་པ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པ་རེད།ཝང་ཀྲུང་དབྱི་དང་ཏའེ་མིའེ་ཅེ།ཀྲང་ཅི་ཙུང་།ལིའུ་ཡན།ཝང་ཧྥེང་།དགེ་འདུན་རྒྱལ།སུང་ཅོན་ཞཱ།ཀྲེན་ཕེན་ཞན།ཀྲང་ཏུ་ཞན།ལི་ཝའེ།དེ་མིན་ཁུལ་ཨུའི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད།

ཚང་འཛོམས་གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་གཏན་འཇགས་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་གལ་ཆེན་ནས་མགོ་བརྩམས་ཏེ། སྤྱོད་ཚུལ་ལེགས་བཅོས་བྱེད་པ་གཙོར་བཟུང་ནས་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་སྲོལ་གཏན་འབེབས་དང་དོན་འཁྱོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་མགོ་ཚུགས་པ་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ།ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་སྟོབས་འབྱོར་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་ཕན་ནུས་བཏོན་ཡོད།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།སྤྱོད་ཚུལ་ལེགས་པོར་བརྟེན་ནས་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་དངོས་དར་སྤེལ་དུ་གཏོང་བར་ནུས་ཤུགས་འདོན་པ་བརྗོད་དོན་དུ་བཟུང་སྟེ། སྤྱོད་ཚུལ་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དེ་གནད་འགག་ལས་སྒྲོལ་པའི་འཐབ་ཇུས་སུ་བརྩི་བ་དང་།མཚོ་སྔོན་གྱི་ལས་བྱེད་པའི་སྤྱོད་ཚུལ་དང་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་བར་གྱི་རྩོད་སྒྲུབ་དང་ནང་འབྲེལ་གྱི་འབྲེལ་བ་གསལ་བཤད་བྱས་ཡོད་དེ། དུས་རབས་གསར་པའི་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ལས་འགན་ལ་མཐིལ་རྟོགས་ཟབ་མོ་བྱས་ཤིང་།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱོད་ཚུལ་རྩ་བ་ནས་ལེགས་བཅོས་བྱ་དགོས་པའི་སྐུལ་སློང་གི་བཀའ་རྒྱ་བཏང་ཡོད་པས།ང་ཚོས་རྒྱང་བསྐྱོད་ལམ་བུ་གསར་པའི་སྟེང་མདུན་དུ་བསྐྱོད་པར་ཡང་དག་པའི་ཐབས་ལམ་དང་དངོས་སྒྲུབ་ཀྱི་སྟོབས་ཤུགས་འདོན་སྤྲོད་བྱ་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་།སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་སྤྱོད་ཚུལ་ལེགས་བཅོས་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་དང་། བསམ་བློའི་ཤེས་རྟོགས།སྤྱོད་ཚུལ་གྱི་རང་རྟོགས་བཅས་མཐོ་རུ་བཏང་སྟེ།དུས་ནམ་ཡང་གདོང་དུ་མཆོངས་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ངོས་གསར་བརྗེ་བྱེད་པ།སྲོལ་རྒྱུན་བཟང་བོ་དར་སྤེལ་དུ་གཏོང་བར་ཤུགས་རྒྱག་པ་དང་སྐྱོན་ཆ་བཅོས་སྒྱུར་བཟང་པོ་བྱེད་པ།ཡང་དག་པའི་མིག་དཔེ་སྟོན་པ།འབུར་ཐོན་གྱི་གནད་དོན་ལ་དམིགས་ནས་སྤྱོད་ཚུལ་ལེགས་བཅོས་བྱེད་པ།ནོར་འཁྲུལ་ཆུང་ངུར་ངོས་འཛིན་གསལ་བོ་བྱེད་པ།ནོར་འཁྲུལ་ཆེ་བའི་གནད་དོན་རྩ་བ་ནས་མེད་པར་བཟོས་ནས། སྤྱོད་ཚུལ་གྱི་འགག་རྩ་བརྟན་པོར་སྲུང་བ་དང་འགན་འཁྲི་འཁུར་ཕོད་པའི་བྱ་བའི་སྤྱོད་ཚུལ་མངོན་པ། (འཕྲོ་མ་པར་ངོས3པར་གཟིགས།)བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་སྤྱི་ཞབས་པའི་བརྩེ་སེམས་གསོ་སྐྱོང་བྱ་དགོས་ལ། འབད་འབུངས་ལྷོད་མེད་ཀྱི་གྲུབ་འབྲས་དང་སྤྱོད་ཚུལ་དངོས་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ་པར་འབད་པ།སྤོབས་པ་ཆེར་སྐྱེད་ཀྱི་འབད་འཐབ་དང་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པར་གོམ་སྟབས་ཆེན་པོས་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པར་སྤྱོད་ཚུལ་ལེགས་པོ་ཡོད་ན་ད་གཟོད་ནང་གི་སྤུས་ཚད་ཇེ་མཐོར་གཏོང་ཐུབ་ལ།དུས་རབས་གསར་པའི་གོ་སྐབས་དམ་འཛིན་བྱས་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་པ་མངོན་དགོས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པར་སྐུལ་འདེད་བཏང་ནས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཆེན་མོ་ཡིད་ལ་དམ་པོར་འཛིན་པ་དང་།རི་ཆུ་ནགས་གསུམ་དང་ཞིང་།མཚེའུ།རྩྭ་ས་དང་བྱེ་མ་བཅས་སྲུང་སྐྱོང་དང་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས།ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་འབད་པ།སྐྱེ་ཁམས་ཀྱི་རིན་ཐང་མངོན་པའི་ཐབས་ལམ་རྒྱ་ཆེར་གཏོང་བ།སྤྱོད་ཚུལ་ལེགས་བཅོས་བྱེད་པའི་ཕན་འབྲས་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་སུ་བསྒྱུར་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤོབས་པ་ཆེན་པོས་སྔོན་ལ་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ།རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྣེ་ཁྲིད་ནས་ཕན་ཚུན་སྐུལ་འདེད་དང་མཉམ་འདུས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་སུ་འགྱུར་བར་བྱ་དགོས།ལས་གཞི་དོན་ཐོག་ཏུ་འཁྱོལ་བར་ཕན་ནུས་འདོན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ།ཕྱི་ཕྱོགས་ལ་སྒོ་འབྱེད་པའི་མཉམ་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གོ་སྐབས་དམ་འཛིན་བཅས་བྱ་དགོས།དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་སྤོབས་པ་ཆེན་པོས་སྔོན་ལ་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ལས་ཞུགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ།འབྲུབ་འགོག་གནོད་སེལ་གྱི་བྱ་བ་དམ་འཛིན་ཡག་པོ་བཅས་བྱས་ནས།དམངས་ཚིས་ཁེ་ཕན་ཇེ་མང་དུ་གཏོང་ཐུབ་མིན་ལ་སེམས་ཁྲལ་བྱེད་པ།འཕེལ་རྒྱས་ཁྲོད་དམངས་ཚིས་ཞན་ཆ་ཁ་གསབ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་གཞག་གིས་རིགས་སོ་སོའི་མང་ཚོགས་ལ་ཐོབ་པར་བྱ་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་སྤོབས་པ་ཆེན་པོས་སྔོན་ལ་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་ནན་ཏན་གྱིས་བསྒྲུབ་སྟེ།གསར་སྐྲུན་བྱ་བ་དེ་གྲངས་འབོར་སྔོན་ལ་བསྐྱོད་པ་ནས་དཔེ་སྟོན་སྣེ་ཁྲིད་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཐད་སྤོབས་པ་ཆེན་པོས་སྔོན་ལ་བརྩོན་ལེན་དང་འགན་འཁྲི་འཁུར་ཕོད་པར་བྱས་ཏེ།གཟབ་ནན་གྱི་རྩ་བ་རྒྱུན་འཁྱོངས་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་།གཙོ་གནད་ཁྱབ་ཁོངས་ཀྱི་གཅིག་བསྡུས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་།དོ་དམ་ནན་མོ་དང་བྱམས་སྐྱོང་བཟང་བོ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ།སྤྱོད་ཚུལ་ལེགས་པོར་བརྟེན་ནས་འཕེལ་རྒྱས་བཅོས་སྒྱུར་གྱི་ལས་འགན་སོ་སོ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་བྱེད་པ་ལྔ་ཡི་བླང་བྱ་གལ་ཆེན་དེ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཇེ་ལེགས་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ངེས་པར་དུ་བློ་སེམས་གཅིག་ཏུ་སྒྲིལ་ནས་བསམ་བློའི་ཁྲིད་སྟོན་ཕྱོགས་སུ་འབད་པ་དང་།ཏང་གིས་རང་ངོས་གསར་བརྗེ་བྱེད་པར་ངོས་འཛིན་ནན་མོ་བྱེད་པ་དང་གོང་རིམ་གྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།ཏང་ཡོན་ལས་བྱེད་པའི་འགྱུར་བ་མེད་པའི་ཏང་གཤིས་རྒྱུན་འཁྱོངས་བཅས་བྱ་དགོས།ངེས་པར་དུ་མི་དམངས་དང་བློ་སེམས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ།དབང་ཆ་འོས་འཚམ་གྱིས་སྤྱོད་པར་ཤུགས་སྣོན་དགོས།ངེས་པར་དུ་དངོས་སྒྲུབ་ནན་མོ་བྱས་ནས།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།ངེས་པར་དུ་རང་འགན་གཙང་སྒྲུབ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་འཁུར་བྱ་དགོས། སྤྱོད་ཚུལ་ལེགས་བཅོས་ལ་ཤུགས་བསྣན་ན་ད་གཟོད་སྲོལ་རྒྱུན་བཟང་པོའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལག་ལེན་ཏུ་བསྟར་ཐུབ་པ་དང་།སྤྱོད་ཚུལ་ལེགས་པོ་དེ་དུས་རབས་གསར་པར་རྒྱུན་འཁྱོངས་བྱས་ན་ད་གཟོད་སྤྱོད་གཙང་གཞུང་དྲང་གི་སྲོལ་བཟང་དེ་མཚོ་ལྷོའི་ཡུལ་གྲུ་ཀུན་ཏུ་རྒྱུན་འཛིན་བྱ་དགོས། གཞུང་དྲང་སྤྱོད་གཙང་གི་སྲོལ་བཟང་དེ་ལས་བྱེད་པའི་སེམས་སུ་འཇགས་པར་བྱས་ཏེ་ཐུན་མོང་ཐོག་མདུན་དུ་བསྐྱོད་ནས་རིགས་སོ་སོའི་རྗེས་རབས་པ་ཡོངས་ཀྱི་ཕུགས་འདུན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ལས་ད་ལོ་ནས་བཟུང་།ཁུལ་ཨུས་མཐུན་སྒྲིལ་དམ་ཟབ་སྒོས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཤིང་།གནོན་ཤུགས་དང་དཀའ་སྡུག་མང་པོར་གདོང་གཏད་ནས་དཔལ་འབྱོར་འཁོར་བསྐྱོད་ཐུབ་པར་སྐུལ་འདེད་བཏང་སྟེ།སྤྱིའི་བརྟན་བརླིང་དང་བསྐྱར་དར་གྱི་རྣམ་པ་བཟང་བོ་མངོན་ཡོད།ལོ་སྨད་ནི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལ་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་ཞིག་ཡིན་པས།ངེས་པར་དུ་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་གཞི་རྩའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ།ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་འབད་པ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དམངས་ཚིས་ལ་ཕན་བདེ་བསྐྲུན་པ། བདེ་འཇགས་ལ་འགན་ལེན་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་པར་བསྒྲུབ་སྟེ།ལོ་ལྔའི་འཆར་གཞི་བཅུ་བཞི་པ་རྒྱལ་ཁའི་ངང་མཇུག་བསྡུ་བར་ཁག་ཐེག་བྱ་དགོས་ལ།སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།སྐྱེ་ཁམས་བདེ་འཇགས་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པ།ཀྲུང་ཧྭའི་ཆུ་མཛོད་སྲུང་བ་བཅས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་དགོས།ནུས་ཤུགས་ཡོད་རྒུས་བཟོ་ལས་དང་མ་གཏོང་།འཛད་སྤྱོད།ཚོང་འགུག་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ།དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་དགོས།ལྗང་མདོག་དེང་རབས་ཐོན་ལས་སྒྲིག་གཞི་མགྱོགས་མྱུར་གྱིས་བསྐྲུན་ཏེ་འཕེལ་རྒྱས་ཀྱི་རིན་ཐང་མུ་མཐུད་དུ་མཐོ་རུ་གཏོང་དགོས།མཁར་ཤང་གི་ས་ཁོངས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས།བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་ནུས་ཆེན་པོ་འདོན་དགོས།དམངས་ཚིས་ཕྱོགས་ལ་ཤུགས་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་མཐོ་རུ་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་འགག་རྩ་ནི་སྤྱོད་ཚུལ་ལེགས་བཅོས་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་དང་།སྤྱོད་ཚུལ་ལེགས་བཅོས་ལ་བརྟེན་ནས་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་ཕན་ནུས་འདོན་རྒྱུ་དེ་ཡིན་ལ།ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས་པ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་སྐོར་ཞིབ་བྱ་བར་གཞོགས་འདེགས་བྱས་ཏེ།རྩིས་བཤེར་ཕྱོགས་ལ་བཏོན་པའི་གནད་དོན་བཅོས་སྒྱུར་ཡག་པོ་བྱེད་པར་ཤུགས་འདོན་པ།སྤུས་ཚད་མཐོ་བའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་པ།བདེ་འཇགས་ཐོན་སྐྱེད་དང་དགོན་སྡེའི་བྱ་བར་དམ་འཛིན་བྱེད་པ།བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་ཕྱོགས་སུ་འབད་དགོས་ལ།འབྲུབ་འགོག་བྱ་བ་ནན་འཛིན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ཞེས་བླང་བྱ་ནན་མོ་བཏོན།

ཚང་འཛོམས་གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།སྤྱོད་ཚུལ་ལེགས་བཅོས་བྱེད་པ་དེ་བྱ་བའི་ནང་འདྲེས་པར་བྱེད་པ་དང་།བརྒྱུད་རིམ་ཧྲིལ་པོར་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་།བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།མཐའ་འཁྱོལ་ཡོང་བར་དམ་འཛིན་བྱེད་པའི་ཆོད་སེམས་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་ལས་སྒྲུབ་ལས་བཏོད་བྱས་ནས་གོམ་སྟབས་རེ་རེ་བཞིན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་གསར་གཏོད་བྱེད་པར་ཤུགས་འདོན་དགོས་ཞེས་འབོད་སྐུལ་བཏང་།

ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་བརྟན་འཕར་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཤས་དང་ཁུལ་ཡོངས་སུ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།

ཁུལ་ཨུའི་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི།ཁུལ་ཨུའི་འབྲེལ་ཡོད་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ།ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི།ཁུལ་ཨུའི་པུའུ་ཨུ།ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཚན།མི་དམངས་ཀྱི་ཚོགས་པ་དང་མང་ཚོགས་ཀྱི་ཚོགས་པ།ཁུལ་མངགས་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་།ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱས་པའི་ལས་ཁུངས་དང་།ཁུལ་གཏོགས་སློབ་གྲྭ།སྨན་ཁང་བཅས་དང་ཁུལ་དོ་དམ་ཁེ་ལས་ཀྱི་ཏང་ཙུའུ་འམ་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ།རང་ཁུལ་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི་དང་།ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཁག་ཅིགཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།