ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

《 海南报-藏文 》( 2025年08月13日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས7ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་ཁྲིད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་འབྲུབ་འགོག་གནོད་སེལ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད།འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་སྤྱོད་སྟངས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་།མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱས་ཏེ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོར་འཛིན་པ་དང་།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོའི་ལུགས་དང་མཐུན་པར་ཁ་ཕྱོགས་པར་རྒྱུན་འཁྱོངས་བྱེད་པ།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཁྲོད་འདྲེས་པར་ཁྲིད་སྟོན་བྱས་ཏེ།ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན།མི་རིགས་འགྲིག་མཐུན་བཅས་ཡོང་བར་ཤུགས་འདོན་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་དམངས་ཀྱིས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཟོ་བའི་བྱ་བར་བཏོན་པའི་བསམ་འཆར་བསྡུ་ལེན་དང་གྲོས་འགོར་ཞིབ་འཇུག་བྱེད་པའི་ཐད་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས།མཚོ་ལྷོའི་གནས་ཚུལ་དངོས་དང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་བརྟེན།རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་བཞིན་པའི་དམིགས་ས་དང་དོན་ལ་འབབ་ས་བྱས་ཏེ།ཐབས་ལམ་མང་ཞིང་ཁྱབ་རྒྱ་ཆེ་བའི་སྒོ་ནས་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་།དམངས་ཀྱི་དཀའ་ངལ་ལ་ཉན་པ།དམངས་ཀྱི་བསམ་ཚུལ་ཕྱོགས་གཅིག་ཏུ་བསྡུས་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་ནག་འཇོམས་ངན་སེལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཀྱིས་འགན་འཁྲིའི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་བསྐྱེད་པ།ནག་འཇོམས་ངན་སེལ་བྱེད་པར་ཤུགས་བརྒྱབ་ནས་ཁྱབ་ཁོངས་གཙོ་བོའི་གནད་དོན་ཐག་གཅོད་བྱེད་པ་དང་།སྡེ་ཁག་མཉམ་འབྲེལ་བྱེད་པར་ཤུགས་བརྒྱབ་སྟེ་རུལ་སུངས་ཀྱི་སྣང་ཚུལ་རྩ་བ་ནས་མེད་པར་བཟོ་དགོས་ལ།བྱ་བའི་སྟོབས་ཤུགས་ཆེར་བསྐྱེད་དེ་ནག་འཇོམས་ངན་སེལ་གྱི་བྱ་བར་གྲུབ་འབྲས་བཟང་བོ་བླངས་ཏེ།ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་བདེ་འཇགས་དང་བརྟན་བརླིང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་འབྲུབ་འགོག་གནོད་སེལ་བྱ་བའི་སྐོར་གྱི་མཆན་འགོད་བླང་བྱ་ལག་བསྟར་དོན་འཁྱོལ་དང་མ་མཐའི་ཚད་གཞིར་བསམ་གཞིགས་ནན་མོ་བྱེད་པ། ཉེན་ཁ་དང་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་གསོད་བྱེད་པ།མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་ལྟ་བ་རྒྱུན་འཁྱོངས་དང་། ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་བ་བཅས་ཀྱི་བྱ་བ་དམ་པོར་བཟུང་ནས།ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་བྱེད་པ་དང་ཆ་འཕྲིན་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་རྒྱག་པ། འབྲུབ་འགོག་གི་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།བབ་བསྟུན་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ།ལས་རེས་པའི་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ།འབྲུབ་འགོག་གནོད་སེལ་བྱ་བ་གནད་ལ་འཁེལ་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་བུད་བའི་དམག་མིའི་བྱ་བའི་གྲོས་ཚོགས་དང་གཉིས་བཀུར་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ།བསམ་བློ་དང་ཆབ་སྲིད་ལ་སྣེ་ཁྲིད་ཡག་པོ་བྱེད་པ།ལས་ཞུགས་དང་ལས་ལམ་གསར་འབྱེད་ལ་ཤུགས་རྒྱག་པ།ཁེ་དབང་ལ་འགན་སྲུང་ནན་མོ་བཅས་བྱེད་པའི་བྱ་བ་དང་།སེམས་ཤུགས་ཡོད་རྒུ་བཏོན་ནས་གཉིས་བཀུར་བྱ་བ་ལེགས་པོར་བསྒྲུབ་པ་དང་།ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ།དམག་དཔུང་གི་འཐབ་འཛིང་ནུས་ཤུགས་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་འདེགས་སྐྱོར་བྱེད་པར་ཞབས་ཞུ་ལེགས་པོར་བསྒྲུབ་པ་བཅས་ཀྱི་སྟེང་ནས་རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་གཉིས་བཀུར་བྱ་བར་གྲུབ་འབྲས་གསར་པ་ལེན་པར་འབད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ལོ་སྟོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་པར་མ་ཟད།ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟླ8པའི་ཟླ་སྟོད་དུ་འཚོག་རྒྱུའི་གྲོས་ཐག་བཅད་པ་རེད།