- 放大
- 缩小
- 默认
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མཚོ་ལྷོ་ཁུལ་གྱི་ལས་གཞི27ལ་མ་དངུལ་སྒོར་དུང་ཕྱུར190ཡི་གན་རྒྱ་བཞག་པ།
《 海南报-藏文 》( 2025年07月02日 第 01 版 )
རང་ཚགས་པར་གྱི་འཕྲིན།ཟླ6པའི་ཚེས26ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་དྲུག་པ་མཚོ་ལྷོ་ཁུལ་མ་གཏོང་གསལ་བཤད་ཚོགས་འདུ་དང་དཔལ་འབྱོར་མཉམ་འབྲེལ་ལས་གཞིར་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་ནས་བསྡུས།ཐེངས་འདིའི་མ་གཏོང་གསལ་བཤད་ཚོགས་འདུའི་སྟེང་།བསྡོམས་པས་ཞིང་ཆེན་ཕྱི་ནང་གི་མིང་གྲགས་ཆེ་བའི་ཁེ་ལས་ཀྱི་འཐུས་ཚབ་པ180ཞུགས་ཡོད་པ་དང་།ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཞེ་རོན་ཧྲེང་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་གཏམ་བཤད་གནང་ཞིང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཀོའུ་ཞུང་དང་ཁྲི་ཀ་རྫོང་སྲིད་གཞུང་གི་རྒྱུན་ཨུའི་རྫོང་དཔོན་གཞོན་པ་ཀྲང་ཡོའུ་ཧྥེང་གཉིས་ཀྱིས་ཁུལ་དང་རྫོང་གི་ཐོན་ལས་ངོ་སྤྲོད་བྱས་ལ།ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སེང་ཅུན་ཞཱ་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཞེ་རོན་ཧྲེང་གིས་མཚོ་སྔོན་ནི་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་འབྲེལ་བྱེད་པ་གཉིས་ཀྱི་ལས་འགན་འཁུར་བའི་ཞིང་ཆེན་ཞིག་ཡིན་ལ།ས་ཁུལ་གཉིས་བར་གྱི་མཛའ་བརྩེ་གཏིང་ཟབ་ཅིང་།འབྲེལ་བ་དམ་པོ་ཡོད་པ་རེད།2010ལོར་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མགོ་ཚུགས་པ་ནས་བཟུང།ཅང་སུའུ་ཡིས་མཚོ་ལྷོའི་དགོས་མཁོ་ལྟར་ཕན་ནུས་གང་ལེགས་བཏོན་ནས།ཐོན་ཁུངས་སྟོབས་ལྡན་དང་ལས་འགན་གཙོ་བོར་དམིགས་ཏེ་ལས་བྱེད་འཇོན་མི156དང་ཆེད་ལས་ལག་རྩལ་མི་སྣ1550ལྷག་མངགས་པ་དང་།ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར45.56བཏང་ནས་ལས་གཞི400ལྷག་ལག་བསྟར་བྱས་ཏེ་མཚོ་ལྷོ་ཁུལ་ལ་ཐོད་བརྒལ་ཅན་གྱི་འཕེལ་རྒྱས་དང་དུས་ཡུན་རིང་པོར་གཏན་འཇགས་ཡོང་བར་བྱས་རྗེས་བཞག
ཀརྨ་ཕུན་ཚོགས་ཀྱིས་ཡུལ་དངོས་སུ་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན།ཁེ་ལས་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མ་ཟད།དུས་ཡུན་རིང་པོའི་ནང་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་གྲོགས་པོ་རྣམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་།མཚོ་ལྷོ་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དང་།རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བ་བཅས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ཁྲོད་མཚོ་ལྷོའི་ནུས་པ་མཚོན་པ་དང་མཚོ་ལྷོའི་འགན་འཁུར་མངོན་པ།མཚོ་ལྷོའི་སྟོབས་ཤུགས་འབུལ་བ་བཅས་མཚོན་ཡོད།དུས་མཚུངས་སུ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར། ཅང་སུའུ་ཞིང་ཆེན་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཟབ་ཞུགས་དང་རྒྱབ་སྐྱོར།རོགས་སྐྱོར་བྱས་པའི་སྤྱི་ཚོགས་ལས་རིགས་སོ་སོར་བཀའ་དྲིན་ཞུས་ཤིང་།ང་ཚོས་མཉམ་འབྲེལ་དང་མཉམ་རྒྱལ་གྱི་སྤྱོད་སྟངས་དངོས་ཀྱི་ཐོག་ནས་ཕྱོགས་སོ་སོའི་བརྩེ་སེམས་ཅན་རྣམས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བསྟན།
གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་མཚོ་ལྷོ་ཁུལ་གྱིས་ནུས་ཁུངས་གཙང་མ་དང་རིག་གནས་ཡུལ་སྐོར།སྐྱེ་ལྡན་ཞིང་ཕྱུགས།ལྗང་མདོག་རྩིས་ཤུགས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལས་གཞི་ངོ་སྤྲོད་བྱས་པ་མ་ཟད།ལས་གཞི27ལ་གན་རྒྱ་བཞག་པ་དང་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར190ཟིན་ཡོད་པ་རེད།དུས་མཚུངས་སུ་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཁྱབ་ཁོངས་གཙོ་བོའི་འཕེལ་རྒྱས་ཀྱི་དགོས་མཁོ་ལྟར།མ་དངུལ་གཏོང་བར་འདུན་པ་ཡོད་པའི་ཚོང་འགུག་ལས་གཞི146བཏོན་ཡོད་པ་རེད།
མཚོ་ལྷོ་ཁུལ་གྱི་ཚན་སྐོར་ཆེན་མོ་བཞིའི་འབྲེལ་ཡོད་མགོ་ཁྲིད་དང་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་ཁོངས་མི་ཁག་ཅིགམཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་དང་ཅུའུ་ཡི་མགོ་ཁྲིད།དེ་མིན་རྫོང་སོ་སོའི་ཏང་ཨུ་དང་སྲིད་གཞུང་།ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།།