ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་མཚོ་སྔོན་པོའི་ལྷོ་རྒྱུད་མང་ཚོགས་ གནས་སྤོར་བཀོད་སྒྲིག་བྱ་བར་རྟོག་ཞིབ་གནང་བ།

《 海南报-藏文 》( 2025年06月11日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དང་ཅང་སི་གྲོང་རྡལ།རྟ་ནག་མ་གྲོང་རྡལ།སྤྲེའུ་ནག་གྲོང་རྡལ་བཅས་སུ་ཕྱིན་ཏེ་མཚོ་སྔོན་པོའི་ལྷོ་རྒྱུད་ཆུ་ནུབ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་གནས་སྤོར་བཀོད་སྒྲིག་བྱ་བར་རྟོག་ཞིབ་དང་།རིག་སྨོན་གྲོང་རྡལ་སྡེ་ཁུལ་གཉིས་པ་དང་ཅང་སི་གྲོང་རྡལ་གྱི་དམངས་སྲོལ་གྲོང་སྡེ།སྤྲེའུ་ནག་ལུའུ་སེ་སྡེ་བ་སོགས་ཀྱི་གནས་སྤོར་བཀོད་སྒྲིག་བྱེད་སར་ལྟ་ཞིབ་བྱས་ཤིང་།གཞི་རིམ་ཏང་ཡོན་དང་མང་ཚོགས་འཐུས་ཚབ་པར་བཞུགས་མོལ་ཚོགས་འདུ་བསྡུས་ནས།མཉམ་དུ་གནས་སྤོར་བཀོད་སྒྲིག་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ཡོང་བར་བྱས་ཏེ།མྱུར་ཚད་ཇེ་མགྱོགས་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་ཕྱོགས་ལ་གྲོས་བསྡུར་བྱས།

ལིས་ཀང་གིས་མཚོ་སྔོན་པོ་ནི་རང་རྒྱལ་གྱི་བྱང་རྒྱུད་ས་ཆའི་གནམ་གཤིས་སྙོམས་སྒྲིག་བྱེད་ཆས་དང་མཁའ་དབུགས་བརླན་གཤེར་སྣོན་ཆས།མཚོ་བོད་མཐོ་སྒང་གི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་བཅས་ཡིན་ལ།ཉེ་བའི་ལོ་འགའི་རིང་།ནུབ་བྱང་དྲོད་བརླན་ཅན་དུ་འགྱུར་བཞིན་ཡོད་ལ།མཚོ་སྔོན་པོའི་རྒྱ་ཁྱོན་ཡང་བསྟུད་མར་ཇེ་ཆེར་སོང་ནས་མཐའ་འཁོར་གྱི་རྩྭ་ཐང་དང་གཞུང་ལམ།ཞིང་སྡེ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་ཆུར་ནུབ་ནས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་པ་བཟོས་ཡོད་པས།དེར་ཚད་མཐོའི་མཐོང་ཆེན་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ་གནས་སྤོར་བཀོད་སྒྲིག་གི་བྱ་བ་སོ་སོ་གཅིག་གྱུར་གྱིས་ལེགས་པར་བསྒྲུབ་དགོས་ཞེས་བསྟན།

ལིས་ཀང་གིས་གནས་སྤོར་བཀོད་སྒྲིག་བྱ་བ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དོན་ཐོག་ཏུ་འཁྱོལ་བའི་ལག་ལེན་དངོས་ཀྱི་ཞིབ་བཤེར་ཞིག་ཏུ་བརྩིས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་པའི་ཐད་དེང་རབས་ཅན་དང་།མཛེས་ཉམས་ལྡན་པ།གཙང་དག་ཡིན་པའི་བྱ་བའི་བླང་བྱ་ལྟར།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་བསྐྲུན་དང་།སྒྲིག་བཀོད་དང་ཕན་ནུས།ཁྱད་ཆོས་བཅས་གཙོ་གནད་གསུམ་གཞི་གཅིག་ཡིན་པའི་ཇུས་འགོད་རྒྱུན་འཁྱོངས་བྱེད་པ།ཡུལ་སྐོར་དང་ཞིང་ཕྱུགས་ཐོན་ལས་གཉིས་མཉམ་དུ་དར་སྤེལ་གཏོང་བ་དང་།མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བཟོ་སྐྲུན་འཛུགས་སྐྲུན་བྱ་དགོས།ཁུལ་དང་རྫོང་།ཤང་དང་སྡེ་བ་བཅས་རིམ་པ་བཞི་མཉམ་འབྲེལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ།བཀོད་སྒྲིག་གི་ས་གནས་རེ་རེར་ཆ་སྙོམས་ཀྱིས་སྒྲིག་འཛུགས་བྱེད་པའི་བྱ་བའི་ཆེད་སྦྱོང་འཛིན་གྲྭ་བསྡུས་པ་དང་།བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་རིམ་ཟླ་ཕྱེད་ནང་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགསས་ཏེ།འགན་འཁྲི་དོན་འཁྱོལ་བྱེད་མཁན་གྱི་མི་སྣ་བཀོད་སྒྲིག་བྱས་ནས།དུས་ལྟར་བྱ་བར་ལྟ་སྐུལ་བྱས་ཏེ་བཀོད་སྒྲིག་གི་ས་གནས་ཟླ6པའི་ཟླ་མཇུག་གི་སྔོན་ལ་ལག་བསྟར་དོན་འཁྱོལ་བྱ་དགོས།སློབ་སྦྱོང་སློབ་གསོ་གཙོར་བཟུང་སྟེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།བཀོད་སྒྲིག་ས་གནས་རེར་གནས་སྐབས་ཀྱི་གནས་སྤོར་བཀོད་སྒྲིག་གི་ཏང་ཀྲི་པུའུ་བཙུགས་ནས།སྲིད་ཇུས་སྒྲོག་འགྲེལ་དང་ཡིག་བསྐུར་ངོ་གཏུག་སྣེ་ལེན་པ་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ཏེ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པ།མང་ཚོགས་ལ་སྐུལ་སློང་བྱས་ནས་གནས་སྤོར་བཀོད་སྒྲིག་གི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།གནས་སྤོར་བཀོད་སྒྲིག་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཁང་ཀླད་དུ་ཉི་ནུས་གློག་གདན་གཏོང་བ།མང་ཚོགས་ཀྱིས་འཛད་སྤྱོད་ཁ་གསབ་ལ་བརྟེན་ནས་ཐཱན་ཉུང་གི་མཛེས་བཟོ་དང་ཚད་ལྡན་གྱི་ཁྱིམ་སྤྱོད་གློག་ཆས་ཉོ་བར་སྐུལ་མ་བཏང་སྟེ།མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་མི་སྡོད་ཁོར་ཡུག་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གནས་བབ་གཏན་འཁེལ་དང་མཐུན་པར་བྱ་དགོས་ཤིང་།བཟོ་སྐུལ་གྱི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོགམང་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ་ཁང་པའི་འཛུགས་སྐྲུན་ཕྱོགས་སུ་རྒྱུ་སྤུས་ཚད་ལྡན་ཡོང་བར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་གནང་སྐབས།ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ད་དུང་མཚོ་སྔོན་པོ་ལྷོ་རྒྱུད་ཀྱི་སྤྱི་པའི་གསང་སྤྱོད་ཁང་བཀོལ་སྤྱོད་ཀྱི་དོ་དམ་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་།གསང་སྤྱོད་དུ་འགྲོ་བར་གྲལ་སྒྲིག་པར་དོ་དམ་དང་དུས་ལྟར་དཔྱད་བསྡུར་བྱེད་པར་ཤུགས་བསྣན་ནས།མཚོ་སྔོན་པོ་ལྷོ་རྒྱུད་ཀྱི་ཡུལ་སྐོར་གསང་སྤྱོད་ཁང་བཀོལ་སྤྱོད་བྱེད་པ་རྒྱུན་ལྡན་ཡིན་པ་དང་གྲལ་དག་པ་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།

ཀྲང་ཅི་ཙུང་དང་དགེ་འདུན་རྒྱལ་རྟོག་ཞིབ་ཏུ་འགྲོ་རོགས་བྱས།