རང་ཁུལ་གྱི་དབང་གནོད་ཚོང་ཟོག་ཁྲི4.8མེད་པར་བཟོས་པ།

《 海南报-藏文 》( 2025年03月26日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་གུང་ཧོ་རྫོང་བདེ་སྐྱིད་ཐང་གད་སྙིགས་སྦས་རར་ཚོང་ཟོག་རྫུན་མ་གཅིག་སྡུད་ཐོག་མེད་པར་གཏོང་བའི་བྱ་འགུལ་སྤེལ་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་རེད།

བྱ་འགུལ་ཡུལ་དངོས་སུ་ནས་ཆང་རྫུན་མ་དང་བོད་ཀྱི་ས་གདན་གྱི་ཚོང་རྟགས་རྫུན་མ་སོགས་མེར་བསྲེགས་ནས།དབང་གནོད་ཚོང་ཟོག་ཁྲི4.8མེད་པར་བཟོས་པ་རེད།

ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པ་ཝང་ཀུའེ་དབྱིན་གྱིས་ཚོང་ཟོག་རྫུན་མ་དེ་དག་གཅིག་བསྡུས་བྱེད་ཐུབ་པ་འདི་ནི་སྡེ་ཁག་སོ་སོའི་འབད་བརྩོན་བྱས་པའི་གྲུབ་འབྲས་དང་མང་ཚོགས་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱས་པ་ལས་ཐོབ་པ་ཡིན་ལ།ཐེངས་འདིའི་བྱ་འགུལ་ང་ཚོས་ལྗང་མདོག་གནོད་མེད་བྱེད་ཐབས་སྤྱད་དེ།ཚོང་ཟོག་ཚང་མ་མེར་བསྲེགས་རྗེས་འཕྲལ་མར་ཐལ་ས་འོག་ཏུ་སྦས་ནས་འཁོར་རྒྱུག་ཐེངས་གཉིས་པའི་ཉེན་ཁར་བཀག་འགོག་བྱས་པ་མ་ཟད།ཐལ་རྡུལ་གྱིས་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བར་འགན་ལེན་བྱས་ཤིང་།སྔོན་ཆད་དང་མི་འདྲ་ས་ནི།ཐེངས་འདིར་མེད་པར་བཟོ་སའི་ཡུལ་དངོས་སུ་བདེན་རྫུན་དབྱེ་འབྱེད་སློབ་ཁྲིད་ཆུང་ཆུང་ཞིག་བསྣན་ཡོད་པ་སྟེ།ཡུལ་དངོས་སུ་འབྲེལ་ཡོད་ལས་བྱེད་མི་སྣས་ཐ་མག་བདེན་རྫུན་དབྱེ་འབྱེད་བྱེད་པའི་སྒམ་བཟུང་ནས་ཚང་མར་རྫུན་འགོག་གི་གསང་གྲངས་དབྱེ་འབྱེད་བྱེད་ཐབས་འགྲེལ་བཤད་བྱས།རྒྱུས་ལོན་པ་ལྟར་ན།ན་ནིང་ནས་བཟུང་།ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་གིས་ཁྱོན་བསྡོམས་དབང་གནོད་ཚོང་ཟོག་ཁྲིམས་འགལ་གྱོད་གཞི་ཁག305ཞིབ་བཤེར་ཐག་གཅོད་བྱས་པ་དང་།གྱོད་གཞི3ཁྲིམས་འཛིན་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་པར་མ་ཟད།སྒོར་ཁྲི354.2ཀྱི་དངུལ་ཆད་དང་གཞུང་བཞེས་བཏང་བ་དེས་དབང་གནོད་ཚོང་ཟོག་ཁྲིམས་འགལ་ཉེས་གསོག་གི་འཕེལ་ཕྱོགས་ལ་སྔར་ལས་བཀག་འགོག་བྱས་ནས་ཁྲོམ་རར་ཁོར་ཡུག་བཟང་པོ་བཏོད་ཅིང་།འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད། ཚོང་ཟོག་རྫུན་མ་དེ་དག་གཅིག་སྡུད་ཐོག་མེད་པར་བཟོས་པ་མཐོང་སྐབས་སེམས་བདེ་པར་གྱུར་ཡོད་ལ།འདིས་སྲིད་གཞུང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ནན་ཏན་བྱས་ནས་ང་ཚོ་འཛད་སྤྱོད་པའི་ཁེ་དབང་ལ་མཐོང་ཆེན་བྱས་པ་མཚོན་ཡོད།བྱ་འགུལ་འདི་འདྲ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ཚོང་ཟོག་རྫུན་མ་སྦས་ས་མེད་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱི་གྲོང་མི་རིན་ཆེན་དོན་འགྲུབ་ཀྱིས་བཤད།རྗེས་ཕྱོགས་ཁུལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བརྗོད་དོན་གཙོར་དམིགས་ནས།འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ལྟེ་བའི་གནས་སུ་བཞག་སྟེ།གཙོ་གནད་ཁྱབ་ཁོངས་དང་ཚོང་ར།ཐོན་རྫས་བཅས་བཅོས་སྒྲིག་བྱེད་ཤུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།རྫུན་བཟོའི་ངན་བཅོས་ཀྱི་བྱ་བར་གྲུབ་འབྲས་གསར་པ་ལེན་པར་འབད་པ་བྱེད་པ་དང་།བློ་ཡིད་ཚིམ་པའི་འཛད་སྤྱོད་བྱེད་ཐུབ་པ་དང་།འཛད་སྤྱོད་བྱེད་ཕོད་པ།འཛད་སྤྱོད་བྱེད་འདོད་པའི་ཁོར་ཡུག་བཟང་བོ་ཞིག་ཁྱོན་ཡོངས་ནས་བསྐྲུན་རྒྱུ་ཡིན་ཟེར།།