- 放大
- 缩小
- 默认
ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་རྟོག་ཞིབ་གནང་བ།
《 海南报-藏文 》( 2025年03月26日 第 01 版 )
རང་ཚགས་པར་གྱི་འཕྲིན།ཟླ3པའི་ཚེས24ཉིན།མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་རྟོག་ཞིབ་གནང་པ་རེད།རྟོག་ཞིབ་གནང་སྐབས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྲོས་ཚོགས་ཀྱི་ལས་འགན་ཅི་རིགས་དོན་འཁྱོལ་བཟང་བོ་བྱེད་པ།གོ་སྐབས་དམ་འཛིན་དང་འབད་འཐབ་ལྷོད་མེད་བྱེད་པ།བཅོས་བསྒྱུར་གསར་གཏོད་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ།རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་སྣེ་ཁྲིད་དུ་བྱས་ནས།སྟོབས་ཤུགས་ཡོད་རྒུས་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་མྱུར་དུ་འགྲུབ་པར་བྱེད་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་བཏུལ་ཐང་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་ཉི་འོད་ནུས་པའི་རྟེན་གཞི་དང་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་།གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མེ་ཏོག་ལུང་པ་ཞོལ་མ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཅས་སུ་སོང་ནས།འོད་ནུས་ལས་གཞི་འཆར་འགོད་འཛུགས་སྐྲུན་དང་ཐོན་ལས་གླིང་ཁུལ་གྱི་ཚོང་འགུག་དངུལ་འདྲེན།ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད།འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་།ཉི་འོད་ནུས་པའི་རྟེན་གཞིའི་ཞིབ་སློབ་དང་བཟོ་ལས་གནས་སྐོར་གྱི་སྦས་ཤུགས་སྔོག་འདོན་བྱེད་པ།སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས་ཞེས་བསྟན།ཁོས་འཁོར་རྒྱུག་དོ་དམ་གྱི་ནུས་པ་མཐོར་འདེགས་གཏོང་བ་དང་།ལྗང་རྩིས་ལས་གཞི་གཅིག་ལེགས་འགྲུབ་བྱས་ན་དེ་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱས་ཏེ།དངོས་སྒྲུབ་ལེགས་བརྩོན་བྱེད་པར་བརྟེན་ནས་ལྗང་མདོག་རྩིས་ཤུགས་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས།མུ་མཐུད་དུ་སྟོབས་ཤུགས་ཇེ་ཆེར་བཏང་ནས་རིགས་གསར་པའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་ཉི་འོད་ནུས་པའི་ཕྱུགས་ཁང་འཛུགས་སྐྲུན་བྱས་ནས།སྲོལ་རྒྱུན་ཕྱུགས་ལས་དེ་དེང་རབས་ཕྱུགས་ལས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་།ཝུའུ་ཞའོ་ཅུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས།བྱ་བ་སོ་སོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་།ལོ་ལྔའི་འཆར་གཞི་བཅོ་ལྔ་པར་ཁ་ཕྱོགས་ནས།མཚོ་ལྷོ་ཁུལ་གྱི་གོ་གནས་གལ་ཆེ་ཞིང་སྦས་ཤུགས་ཧ་ཅང་ཆེ་བས།སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྟེང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ནམ་ཡང་སེམས་ལ་བརྟན་པོར་འཛིན་པ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བ།རང་བྱུང་ནགས་ཚལ་དང་བརླན་ས།བྱེ་ཁུལ་གྱི་སྔོ་ཁེབས།རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ས་ཆའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ནས།བྱེ་འགོག་བྱེ་བཅོས་དང་དག་གཙང་ནུས་ཁུངས་དང་ཞིང་ཕྱུགས་ལས་བཅས་ནུས་ལྡན་སྒོས་མཉམ་བསྲེས་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་འཚོལ་ཞིབ་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟེང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་།ཐོན་ལས་དང་པོ་སྟོབས་ལྡན་དུ་བསྒྱུར་བ་དང་ཐོན་ལས་གཉིས་པ་གོང་འཕེལ་གཏོང་བ།ཐོན་ལས་གསུམ་པ་ལེགས་བསྒྱུར་བྱེད་པར་དམིགས་ནས།ནོར་གནག་དང་འབྲོག་ལུག གཟན་རྩྭ་སོགས་ཀྱི་ཚོང་རྟགས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།དག་གཙང་ནུས་ཁུངས་ཀྱི་ཐོན་ལས་ཧྲིལ་བོའི་ཕྲེང་འབྲེལ་མྱུར་དུ་གསར་སྐྲུན་བྱེད་པ།གློག་རྩིས་མཉམ་ལས་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་སྐྱེད་སྲིང་བྱེད་པ།ས་བབ་དང་བསྟུན་ནས་ལྗོངས་རྒྱུ་ཉམས་ལེན་དང་གྲོང་གསེབ་གནས་སྐོར་སོགས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།ཐོན་ལས་དང་པོ་དང་ཐོན་ལས་གཉིས་པ།ཐོན་ལས་གསུམ་པ་བཅས་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་གཅེས་ནོར་དེ་ཕྱུག་འགྱུར་གྱི་ཐོན་ཁུངས་སུ་འགྱུར་བར་བྱེད་དགོས།དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་སྟེང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་།ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ས་གནས་སུ་ལས་ཞུགས་བྱེད་པར་ཤུགས་སྣོན་པ།གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ཐད་སྐུལ་འདེད་གཏོང་བ།རིགས་གསར་པའི་གྲོང་གསེབ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།སྤྱི་ཐུན་ཞབས་ཞུའི་ཐད་ཀྱི་མི་འདང་ས་ཁ་གསབ་བྱས་ནས།རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་སྟེང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་བ།མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་འཆམ་མཐུན་བརྟན་འཇགས་དང་བདེ་འཇགས་སྒྲིག་ཡོད་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས། ཏང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་སྟེང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་།ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ།སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས།མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས་ཞེས་བསྟན།
ཞིང་ཆེན་གྱི་མགོ་ཁྲིད་ལིའུ་ཆི་ཧྥན་དང་ལོའུ་ཀང་རྟོག་ཞིབ་ལ་ཞུགས།