ལྷིང་འཇགས་ཀྱི་སྟོན་ཀ།

གཞི་ཚང་ཟླ་བ་གྲགས་པ།༼དཀར་མཛེས།༽

《 海南报-藏文 》( 2024年10月30日 第 12 版 )

སྟོན་ཀ།འདི་ལྟར་ལྷིང་ཞིང་འཇགས་དོན།

བྱ་བྱེའུ་དག་སྔར་ནས་ཚང་དུ་ཡིབ་ཟིན་པས་ཡིན་ནམ།

སྤང་ལྗོངས་གདན་དུ་འདིང་ཞིང་འཇའ་ཚོན་གོས་སུ་གྱོན་པའི།

ཟླ་དྲུག་པ་ཡོལ་ཟིན་པས་ཡིན་ནམ།

ད་ནི།ཟླ་བརྒྱད་པའི་ནམ་མཁའ་ཡང་ཁ་རོག་གེར་གནས།

གཡའ་དག་དྲགས་པས་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་།

སྤྲིན་པ་ལང་ལོང་གི་འདུ་རྒོད་མེད་ན།

ཆར་བ་ཟིམ་ཟིམ་ཁྲོད་ནས་མཆོང་རྒྱུག་ཇི་ལྟར་བྱ།

ཁ་བ་ལྷབ་ལྷུབ་ཁྲོད་ནས་རྩེད་འཇོ་ལ་ཇི་ལྟར་རོལ།

སྐར་ཚོགས་ཀྱི་འཇིངས་སུ་འདུར་བའི་ཟླ་བ་ཡང་ཁུ་སིམ་མེར་སྡོད།

དེ་ལྟ་ན་ཡང་།ཐག་རིང་ནས་གནས་དུས་ངེས་མེད་དུ།

ང་ལ་ཆེས་མཛེས་སྡུག་གི་བསླུ་བྲིད་མང་པོ་ཞིག་སྐྱེས་སུ་ཕུལ་ཡོང་།

ཐུག་འཕྲད་མ་བྱུང་བའི་ཟླ་བ་འདི་ལྟར་དཀར་ཞིང་གཙང་དོན།

ད་ལྟའི་ང་དང་ཟླ་བའི་བར་དུ།

རྒྱང་རིང་ཞེས་སྣང་ལ་མ་ངེས་པའི་བར་སྟོང་འདི་ཡོད་པས་ཡིན་ནམ།

བུ་ལོན་གྱི་སྒྲིབ་པ་འདི་ངས་འདག་ཐབས་མི་འདུག་ཨང་།

གལ་ཏེ།ཟླ་བའི་གོ་ལའི་ཐོག་ཏུ་ཕྱིན་ཚེ།

ས་སྒང་འདིའི་ད་ལྟའི་སྟོན་ཀ་བཞིན།

ང་རང་ཉིན་མོར་ཚད་པས་གདུང་ཞིང་།

མཚན་མོར་གྲང་བས་བཙིར་ཡོང་བ་འབའ་ཞིག་ཡིན་ནམ།

སྟོན་ཀ།སྟོན་ཀ།

དངོས་གནས་ལྷིང་འཇགས་ཡིན་དྲགས་པས།

ནུབ་ཕྱོགས་སུ་བཞུད་ཀྱིན་པའི་ཟླ་བའི་གོམ་སྒྲ་ཁོ་ན་ཐོས་ཡོང་།

ཤར་ཕྱོགས་སུ་འབབ་ཀྱིན་པའི་ཆུ་ཕྲན་གྱི་འོ་དོད་གཅིག་པུ་ཚོར་ཡོང་།