སྣང་བ་རང་ལ་ཐིམ་པའི་མགུར་།

རྫ་ཤུལ་བློ་བཟང་། དཀར་མཛེས།༽

《 海南报-藏文 》( 2024年10月30日 第 12 版 )

ཟག་བཅས་ཉོན་མོངས་ཀྱིས་བཀླུབས་པའི་ཤེས་པ་ཕྲ་མོ།།

སྡུག་བསྔལ་མང་དག་གིས་གཟིར་བའི་འཁོར་བའི་བྲན་མོ།།

དགའ་སྡུག་ཕྱོགས་ཞེན་ལ་ཆགས་པའི་བདུད་ཀྱི་གཡབ་མོ།།

གསང་བའི་གཏེར་ཁ་ལས་འཁྲུངས་བའི་ཐ་སྙད་ཡངས་མོ།།

འདོད་ལྷའི་མེ་ཏོག་གིས་བསྲེས་པའི་འཁོར་བའི་གཞས་ཚིག།

རྟོག་ཚོགས་སྣ་དགུ་ཞིག་བཀོད་པའི་གསང་གཏམ་དམར་པོ།།

མིག་ཆུའི་ཕྲེང་ཐག་གིས་བརྒྱན་ནས་སེམས་སུ་ཉར་བཞིན།།

དེ་རིང་དྲན་མགུར་གྱི་དབྱངས་སུ་བརྒྱུས་ཏེ་བླངས་ཡོད།།

ཚིག་ཚགས་དམ་པོ་ཞིག་བྱས་ནས་མགྲིན་རྩེར་དྲངས་ཡོད།།

ཟོལ་གཏམ་མིང་ཚིག་དང་འདྲེས་ཡོད་སྣང་བའི་མགྲིན་གླུ།།

ཨ་ཇོའི་དྲན་གདུང་གི་མཚོན་ཐབས་འདི་ཡང་ཡིན་སྐད།།

འཚོ་བའི་བདེ་སྡུག་ལ་གནང་བའི་ཤིས་ཚིག་ཡིན་ཆོག།

སྡེ་མཐའ་སྨིན་དྲུག་གིས་བསླེས་པའི་ཚུར་ནང་དེ་ན།།

མགུར་མས་གླེབས་བམ་ཞིག་བརྩིགས་པའི་ཕར་ནང་དེ་རུ།།

རྣམ་ཤེས་ཚོགས་བརྒྱད་ཀྱིས་གྲུབ་པའི་བསྡུས་གཟུགས་ཕྲ་མོ།།

བདག་གི་ཞེན་ཆགས་ཀྱི་བུ་ལོན་དེ་རུ་ལྷག་སོང་།།

ཚོར་བའི་རྡུལ་ཕྲན་གྱིས་བཞེངས་བའི་མཆོད་རྟེན་ཕང་ན།།

མིག་འཁྲུལ་སྒྱུ་མ་ཡིས་གཡོག་པའི་ཀུན་རྟོག་གྲོང་དུ།།

ལས་དབང་དགུ་མདུད་ཀྱིས་ཕབ་པའི་གཡུང་དྲུང་རི་མོ།།

ལུས་ཀྱི་སྲུང་འཁོར་དེ་དགོས་པའི་བཀའ་ཡིག་རྙེད་སོང་།།

རྟོག་པས་བློས་བསླངས་ཞིག་བྱས་པའི་འཇིག་རྟེན་ཡུལ་དུ།།

བཅོས་མའི་གཟུགས་བརྙན་གྱི་གདོང་ལ་ཤིན་ཏུ་ཆགས་པའི།།

འཁོར་བའི་ལ་ལུང་དུ་འགྲིམས་པའི་དབང་མེད་རྣམ་ཤེས།།

གསང་བའི་གཏེར་སྒྲོམ་གྱི་མཚོན་དུ་བཞག་ན་ཆོག་གདའ།།

སྲིད་པའི་མེ་ལོང་དང་བསྡེབས་པའི་གཙང་བོའི་འཁྲིས་སུ།།

སྨུག་སྤྲིན་ལང་ལོང་ཞིག་འཁྲིགས་འདྲའི་རྣམ་ཤེས་ཁེར་འགྲོ།།

བརྩེ་བའི་རྦ་རླབས་དེ་འཕྱུར་གྱིན་རང་སར་ལྷག་པའི།།

ཀུན་རྟོག་གཟུགས་བརྙན་གྱིས་བྱུག་པའི་ལྗོན་ཤིང་འདྲ་སོང་།།

སྟོང་བསམ་འཕྲུལ་འཁོར་གྱིས་བསླུས་པའི་རྣམ་ཤེས་ཤིག་ལ།།

མཚམས་རེ་བག་ཆགས་ཀྱིས་ཕྱུག་པ་མཐོང་བ་འདྲ་སྟེ།།

དབུགས་རིང་མངན་པ་ཞིག་འབྱིན་ཚུལ་ཡང་ཡང་ཐོས་སོང་།།

ཞེ་སེམས་མི་བདེ་བའི་གསང་གཏམ་ཅི་ཞིག་སྦས་ཡོད།།

བཅོས་མའི་ལྡེབས་རིས་ཀྱི་ངོས་སུ་ལས་དབང་བྲིས་ཡོད།།

ལས་འབྲས་མེ་ཏོག་གི་འཁྲིས་སུ་རང་ཉིད་བཀོད་ཡོད།།

འཁོར་བའི་གཙང་བོ་ལ་བཅེར་ནས་ཆང་གཞས་བླངས་ཡོད།།

ཚིག་གི་བཟི་སྟོབས་ཀྱིས་སེམས་པ་ཡམ་ཡོམ་བྱས་སོང་།།