པདྨ་མཚོ་ལ་འཐིམས་སོང་།གངས་ཀྱི་ཁ་དོག་འགྱུར་སོང་།

༼མཚོ་ལྷོ།༽ཁྲི་ཟླ་གཞོན།

《 海南报-藏文 》( 2024年08月28日 第 04 版 )

རྒན་ལགས།ཁྱོད་ཀྱི་གཏམ་རྒྱུད་ལ་མགོ་བར་ལས་མཇུག་མི་་འདུག

ཁྱོད་ཀྱིས་གཏམ་རྒྱུད་དེ་བཤད་ནས་དཀྱིལ་དུ་ཐོན་དུས།

ཆེས་ཡིད་སེམས་འགུལ་བའི་ཚན་པ་དེར་སླེབས་དུས།

གློ་བུར་དུ་བཤད་འཕྲོ་བཞག་སོང་།

དེ་ནི་ཁྱོད་ཀྱིས་རང་གི་བུ་ལ་ཁ་སྐོང་དུ་བསྐྱུར་ཡང་སྲིད།

ཡང་ན་ཀློག་པ་པོར་བསམ་གཞིག་གི་བར་སྟོངས་སུ་་བ་ཞག་ཀྱང་་སྲིད།

གང་ལྟར།གཏམ་རྒྱུད་དེ་བཤད་འཕྲོར་ལུས་སོང་།

རྒན་ལགས།ཁྱོད་ཀྱི་བརྙན་མིག་ལ་ཁ་དོག་མི་འདུག

མི་སྣའི་ལས་དབང་དང་ཁོར་ཡུག་ཡོད་ཚད།

སྐྱ་ཧུར་རེར།ཁ་དོག་ཅི་ཡང་མི་འདུག

དེ་ནི་ཁྱོད་ཀྱིས་ཕ་ཡུལ་དང་ཡུལ་མི།

སྐད་ཡིག་དང་རིག་གནས་ཀྱི་དར་རྒུད་མཁྱེན་པས་ཡིན་ནམ།

ཡང་ན་ཁྱོད་རང་གི་འཇིག་རྟེན་ལ་ཁ་དོག་དབེན་པས་ཡིན།མཚོ་ངོས་ལས་རྨིད་བཞི་སྟོང་ཡན་གྱི་མཐོ་སྒང་འདི།

དུས་བཞི་ལས་མང་ཆེ་ཤོས་དགུན་ཁར་གཞོལ་བས།

དངོས་ནས་སྐྱ་མདོག་ཁོ་ན་ལས་ཁ་དོག་གཞན་ཤིན་ཏུ་དཀོན།རྒན་ལགས།དུས་ཡུན་རིང་པོ་ཞིག་འགོར་རྗེས།

སྐྱ་མདོག་ཁོ་ན་ཡུལ་འདིའི་ཡོད་ཚད་ཀྱི་ཁ་དོག་ཏུ་འགྱུར་སྲིད།

རིག་གནས་སྐྱ་བོ་དང་སྐད་དང་ཡི་གེ་སྐྱ་བོ།

ཐ་ན་མི་དང་ཟོག

དམངས་སྲོལ་དག་གི་ཁ་དོག་ཀྱང་སྐྱ་མདོག་ཏུ་འགྱུར་ངེས།དེ་དུས་མི་ཚང་མས་ཁྱོད་ལ་མངོན་མཁྱེན་འདུག་ཅེས་བསྟོད་བསྔགས་བྱེད་སྲིད།

སྐྱ་མདོག་དེ་ནི།

ཏག་ཏག་ཁྱོད་ཀྱི་བརྙན་མིག་ལས་འཆར་བ་དང་ཤིན་ཏུ་མཚུངས་པས།

ང་ལ་སྐྱོ་སྣང་ཞིག་སྐྱེས་ཤིང་རུས་གསེང་དུ་ན་ཟུག་ཅིག་བཟོད་མེད་དུ་མཆེད།

རྒན་ལགས།ཁྱོད་རང་སོང་ཤུལ་དུ།

ང་ཚོས་ཕ་སྐད་མ་ཡིག་དང་གཞན་སྐད་གཞན་ཡིག་ལམ་ནས།

རྗེས་དྲན་གྱི་རྩོམ་ཡིག་མང་པོ་ཞིག་བྲིས།

རྗེས་དྲན་གྱི་ཚོགས་འདུའང་མང་པོ་ཞིག་འཚོགས།

ཐ་ན་ཁྱོད་ཀྱི་བརྩམས་ཆོས་དག་ས་སློག་རྡོ་སློག་བྱས་ཏེ།

ཡང་དང་བསྐྱར་ཏུ་བལྟས།

ཡིན་ནའང་།དེ་དག་གིས་ཅི་ཆ།

པདྨ་མཚོ་ལ་འཐིམས་སོང་།གངས་ཀྱི་ཁ་དོག་འགྱུར་སོང་།

སྐར་ཆེན་ཞིག་མཁའ་ནས་ལྷུང་སྟེ་གནམ་མཐར་སིམ་སོང་།སྐྱ་རེངས་ཤིག་མུན་པས་གཡོགས་པས་ས་གཞི་སྔར་ལྟར་མུན་པས་བཏུམས།