ལས་ཀྱིས་གནང་བའ་སྒེའུ་ཁུང་འདིར།
༼མཚོ་ལྷོ། ༽ཁྱུང་གཤོག
《 海南报-藏文 》( 2024年08月28日 第 04 版 )
སྒེའུ་ཁུང་གི་ཕྱི་རོལ་ཏུ་བལྟས་ན།སྟོན་རླུང་ཀྱུ་ཀྱུ་ཞིག་གིས།བག་ཕེབས་པའི་འཇིག་རྟེན་འདིའི་ངོ་གདོང་ལས།སྐྱེ་དངོས་སྣ་ཚོགས་ཀྱི་ཉམ་ང་བའི་ཚེ་སྲོག་ལ་རྒོལ་བ་མཐོང་ཐུབ།སྒེའུ་ཁུང་གི་ཕྱི་རོལ་ཏུ།དུས་ཚོད་ཁེར་རྐྱང་གིས་བཞུར་ཏེ།ཡིད་འོང་གི་ཐ་སྙད་སྣ་ཚོགས་ལ་བསྡུ་བསོགས་རྒྱག་བཞིན།འཇམ་ཐིང་ངེར།སེམས་ཅན་གྱི་ཡིད་དུ་སིམ།སྒེའུ་ཁུང་ལས།ད་དུང་།འཚོ་བའི་འདམ་རྫབ་དུ་འབྱམས་པའི་མི་རྣམས་ཀྱི་རྒྱབ་གཟུགས་མཐོང་ཡོང་།བདེ་སྡུག་གི་རྐང་རྗེས་རེ་རེ་ཨར་འདམ་གྱི་རྡོ་གཅལ་དུ་དཔར་བཞིན།མི་ཚེའི་ཚད་ཐིག་རིང་མོ་ལས་ཀྱིས་ཟིན་པའི་ནམ་མཁར་འབྲི།དུས་ཚོད་ཀྱི་ཐན་པའི་ཀློང་ན།བཏང་སྙོམས་སུ་གནས་པའི་ཉི་འོད་ཅིག་ཀྱང་ཅི་འདྲའི་དབེན་ཨང་།ང་རང་ནམ་རྒྱུན་སྒེའུ་ཁུང་ཁར་འགྲེང་སྟེ།སེམས་ཀྱི་ཆག་རོ་དག་དྲན་པས་བསྒྲུགས་བཞིན།གཅེར་རྗེན་གྱི་ལུས་པོར་ཡང་ཡང་ཅེར།ལས་ཀྱིས་གནང་བའི་སྒེའུ་ཁུང་འདིར།སིལ་བུར་འཐོར་བའི་བསམ་གཞིག་གི་འཆར་སྒོ་སྣ་ཚོགས་ཡང་ཡང་འཆར།རུས་དང་ཁྲག་ལ་བརྒྱུས་པའི་འཚོ་བའི་དགའ་སྡུག་སྣ་ཚོགས་ཡང་ཡང་འཕྱུར།