- 放大
- 缩小
- 默认
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཏེ་ ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ།
《 海南报-藏文 》( 2024年08月07日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས30ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྐབས་བཅོ་ལྔ་པའི་ཁུལ་སྲིད་གཞུང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས37པ་བསྡུས་ཏེ་ཁུལ་ཡོངས་ཀྱི་ལོ་སྟོད་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་ད་ལོའི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་ཤུགས་བསྣན་པ་དང་།དམངས་ཚིས་ཁེ་ཕན་སྐྲུན་པར་ནུས་ཤུགས་འདོན་པ།དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་འབད་འབུངས་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དང་སྤྱི་ཚོགས་ཀྱི་གནས་བབས་འཆམ་མཐུན་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་བསྟན།
ཚོགས་འདུའི་སྟེང་དཔལ་འབྱོར་གོང་དུ་འཕེལ་བའི་གནས་བབ་ལ་དབྱེ་ཞིབ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཤིང་འཕེལ་རྒྱས་ལ་ཡིད་ཆེས་བརྟན་པ།ལས་འགན་གྱི་དབྱེ་འབྱེད་རེའུ་མིག་སྔར་ལས་ཞིབ་ཚགས་སུ་གཏོང་བ་དང་བྱ་བའི་མྱུར་ཚད་ཀྱི་དཔེ་རིས་ལ་ཁ་གསལ་བཟོ་བ།འགན་འཁྲིའི་གསལ་ཐོ་དང་བྱ་བའི་བཀོད་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།དམིགས་སའི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཁོར་བསྐྱོད་ཁྲོད་འཕྲད་པའི་གནད་དོན་སེལ་བ་དང་བྱ་བའི་ཞན་ཆར་ཁ་གསབ་བྱས་ནས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་དབྱེ་ཞིབ་ནན་མོ་བྱས་ཏེ།ལོ་གཅིག་གི་བྱ་བར་གྲུབ་འབྲས་བཟང་པོ་ལེན་པར་འབད་འབུངས་བྱས་པ་དང་དཔལ་འབྱོར་འཁོར་བསྐྱོད་ཀྱི་བཀོད་གཏོང་ལ་ཤུགས་བསྣོན་བྱས་ནས་གཟའ་འཁོར་རེ་དང་ཟླ་རེ།དུས་ཚིགས་རེ་ཡི་འགན་འཁྲི་དང་ལེན་བྱེད་པ།དུས་ཚིགས་རེར་ལོ་གཅིག་གི་འགན་འཁྲི་དང་ལེན་བྱས་ཏེ་དཔལ་འབྱོར་གྱི་དམིགས་ཚད་ལུགས་མཐུན་གྱི་འཁོར་བསྐྱོད་ཐུབ་པར་ཁག་ཐེག་བྱ་དགོས།མ་གཏོང་བྱ་བར་ནུས་ཤུགས་འདོན་པ་དང་འགན་འཁྲི་དོན་འཁྱོལ།ལས་གཞིའི་མྱུར་ཚད་དང་ལས་གཞི་འཛུགས་སྐྲུན་གྱི་བྱ་བ་དམ་འཛིན་བྱེད་པ།བསྡོམས་རྩིས་ཀྱི་གཞི་གྲངས་མཛོད་འཇུག་དང་ལས་གཞི་གསོག་འཇོག་བྱེད་པའི་བྱ་བ་ནན་གྱིས་བསྒྲུབས་ཏེ།བྱ་བའི་རིགས་མང་བ་དང་མ་དངུལ་གྱི་གྲངས་འབོར་མང་བའི་ཁོར་ཡུག་ཞིག་ཆགས་པར་འབད་བརྩོན་བྱ་དགོས།ཞིང་ཕྱུགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཐོན་འབབ་བརྟན་པ་དང་མཁོ་སྤྲོད་ལ་འགན་ལེན་བྱེད་པ།ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་བཟང་པོ་ལེན་པར་འབད་དེ་ཐོན་ལས་དང་པོ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱ་དགོས་ལ།ཐོན་ལས་ལ་སྣེ་ཁྲིད་དང་ལས་ཀ་བ་ལས་ཞུགས་བྱེད་པར་ཤུགས་བསྣན་ཏེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཚོལ་བའི་ལམ་ཁ་རྒྱ་བསྐྱེད་པ།འཛད་སྤྱོད་ལ་ཤུགས་བསྣན་ཏེ་ཐོན་རྫས་ཀྱི་རིགས་ཕུན་སུམ་ཇེ་ཚོགས་དང་ཚོང་ར་ཚད་ལྡན་དུ་གཏོང་བ།ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་འགྲུལ་བའི་ཡོང་ཁུངས་རྒྱ་སྐྱེད་པ་བཅས་ཀྱི་ཕྱོགས་ལ་འབད་བརྩོན་བྱེད་པ།ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་ཆེར་བསྐྱེད་དེ་ལས་གཞི་ཆེ་གྲས་ཁག་ལ་གན་རྒྱ་བཞག་སྟེ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ།ནོར་སྲིད་ཀྱི་འགྲོ་སྒོ་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེར་གཏོང་དགོས་པ་ནན་གྱིས་བསྟན།
ཚོགས་འདུའི་སྟེང་འབྲུབ་འགོག་གནོད་སེལ་གྱི་བྱ་བ་དམ་འཛིན་བྱས་ནས་ཆེད་བསྐོས་མི་སྣས་ཆུ་ཚོད24ཡི་རིང་ལས་རེས་བསྐོར་ནས་ལྟ་སྐུལ་ཚོད་འཛིན་ནན་མོ་བྱས་ཏེ།དུས་ལྟར་འབྲུབ་རྐྱེན་བྱུང་མིན་ལ་ཞིབ་བཤེར་བྱ་དགོས་པ་དང་།འབྲུབ་རྐྱེན་བྱུང་ཚེ་དེ་མ་ཐག་མང་ཚོགས་གནས་སྤར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།ཡུལ་སྐོར་དུས་ཚིགས་ཀྱི་ཞབས་ཞུར་འགན་སྲུང་ནན་མོ་བྱས་ཏེ་ཟིང་ཆ་ཆེ་བའི་ཁོར་ཡུག་གི་གནས་ཚུལ་བཅོས་སྐྱོང་བྱེད་པ།ཉེ་འཁོར་དུ་ཡུལ་སྐོར་ཚོང་གཉེར་སོགས་ཀྱི་བྱ་འགུལ་ཚད་ལྡན་ཅན་ཏུ་གཏོང་བ། ཡུལ་སྐོར་ལམ་ཁ་མི་འགག་པ་དང་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་བློ་བདེ་བག་ཕེབས་དང་སྤྲོ་སྐྱིད་ཀྱི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ཅིག་སྐྲུན་པ་དང་།ཁོར་ཡུག་བཅོས་སྐྱོང་བྱེད་པའི་གནད་དོན་གཙོར་བཟུང་སྟེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མགོ་ཁྲིད་ཀྱིས་ལྟ་སྐུལ་ནན་མོ་བྱས་ནས་བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བྱེད་པ་དང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པར་ཁག་ཐེག་བྱ་དགོས་པ་བསྟན།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།