- 放大
- 缩小
- 默认
མགོན་པོ་བཀྲ་ཤིས་ཀྱིས་ཀོས་ནན་རྫོང་དུ་རྟོག་ཞིབ་བྱས་པ།
《 海南报-藏文 》( 2024年08月07日 第 01 版 )
རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས1ཉིན་བར།ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་དུ་ཡོང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་པ་དང་།ཡུལ་དངོས་སུ་གྲོང་གསེབ་དར་སྤེལ་དང་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་ལ་རྒྱུས་ལོན་བྱས།ཁོས་ནན་གྱིས་བསྟན་དོན།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་གཞིར་བཟུང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ལས་སྒྲུབ་ལས་བཏོད་ལ་འགན་ལེན་བརྟན་པོ་བྱེད་པ་དང་།བཅོས་སྒྱུར་གྱི་བསམ་གཞིག་དང་བཅོས་སྒྱུར་གྱི་བྱེད་ཐབས་ལ་བརྟེན་ནས་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཀོས་ནན་རྫོང་མགོ་མང་གྲོང་རྡལ་ཅོ་སེར་སྡེ་བ་ནི་འབྲོག་སྡེ་ཞིག་ཡིན་པ་དང་།སྡེ་བའི་གཙོ་ཁྲིད་ཐོན་ལས་ནི་འབྲོག་ལས་ཡིན་པས།མགོན་པོ་བཀྲ་ཤིས་ཐོག་མར་ཅོ་སེར་སྡེ་བའི་ནོར་ནག་གསོ་སྤེལ་རྟེན་གཞིར་སོང་ནས་ནོར་ནག་གི་རིགས་རྒྱུད་དང་།ཁྲོམ་ར།ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།སྡེ་བའི་ལོ་རྒྱུས་ཁང་དུ་བསྐྱོད་དེ་སྡེ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པར་མ་ཟད།ཕྱུག་འགྱུར་སྣེ་ཁྲིད་པར་འཚམས་འདྲི་བྱས་པ་དང་སྡེ་མིའི་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།ཁོས་བཤད་རྒྱུར།ཀོས་ནན་རྫོང་དུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ཉམས་འགྱུར་བཟང་པོ་མཐོང་བ་དང་།ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་དང་།འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏང་རྒྱུ་བཅས་ལ་ཤུགས་སྣོན་བཞིན་པ་ཚོར་བྱུང་།སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐབས་བརྒྱ་ཇུས་སྟོང་གིས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་དང་།ལས་བཏོད་བྱ་བར་ཁྱད་ཆོས་ལྡན་ཞིང་ཕན་འབྲས་ཐོན་ནས་གྲོང་གསེབ་དར་སྤེལ་གཏང་རྒྱུར་སྟོབས་ཤུགས་གསར་པ་བསྣན་འདུག་ཟེར།
ཀོས་ནན་རྫོང་དུ་མགོན་པོ་བཀྲ་ཤིས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་།གྲོང་གསེབ་དར་སྤེལ།གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་།གོམ་སྟབས་རྗེས་མའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་ཐད་བསམ་ཚུལ་བཏོན།ཁོས་བཤད་རྒྱུར།ཀོས་ནན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་ནུས་ལྡན་བྱས་པས།རྫོང་ཡོངས་ཀྱི་ལས་བྱེད་པས་སྤྱོད་ཚུལ་ལ་མཐོང་ཆེན་དང་།དངོས་སྒྲུབ་ལ་མཐོང་ཆེན།གཞི་རིམ་དམ་འཛིན་བྱེད་པ།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་ཡོད།མིག་སྔར།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་འགག་སྒྲོལ་དུས་སྐབས་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་དུས་སྐབས་སུ་སླེབས་ཡོད་པས།རྒྱུན་འཁྱོངས་ལྷོད་མེད་དང་དམ་འཛིན་ལྷོད་མེད་བྱས་ཏེ།ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ་དང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་སེམས་ཁུར་དང་དམངས་ཚིས་ལ་མཐོང་ཆེན།མང་ཚོགས་ཀྱི་འབབ་འཕར་དམིགས་ཡུལ་དུ་བཟུང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་།ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞི་ཚུགས་པ།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཚོལ་ཞིབ་ཧུར་ཐག་བྱས་ཏེ།ས་ཁོངས་ཀྱི་དོན་དངོས་དང་མཐུན་པ་དང་།ཁྱད་ལྡན་དགེ་མཚན་ལྡན་པ།ཐོན་རྫས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་བཅས་ཀྱི་དེང་རབས་ཅན་དང་ལྗང་མདོག་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
རྟོག་ཞིབ་བྱེད་སྐབས་སུ་མགོན་པོ་བཀྲ་ཤིས་ཀྱིས་ད་དུང་ཀོས་ནན་རྫོང་སྲིད་གྲོས་ཀྱི་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་གྱི་འཐུས་མིར་འཚམས་འདྲི་གནང་།