- 放大
- 缩小
- 默认
གློ་ནུས་གསོ་བའི་ཐབས་ལྔ།
《 海南报-藏文 》( 2024年07月31日 第 03 版 )
གློ་བ་ནི་མིའི་བྲང་ཁོག་སྟོད་དུ་གནས་ཤིང་།སྣ་ཁུང་དང་མིད་པ་བརྒྱུད་ནས་ཕྱིའི་དབུགས་རྔུབ་པ་ཡིན།ཉིན་རྒྱུན་དུ་མཁའ་དབུགས་ནང་གི་རྡུལ་ཕྲན་སྣ་ཚོགས་དང་རྫས་འགྱུར་དངོས་པོ།ནད་སྲིན་སོགས་དབུགས་ཀྱི་འབྱིན་རྔུབ་དང་བསྟུན་ནས་གློ་བའི་ནང་རྒྱུ་བ་དང་།དེ་དང་བསྟུན་ནས་གློ་བའི་ནུས་པ་ལ་གནོད་པ་བཟོ་བ་ཡིན།དེས་ན་གློ་བའི་ནུས་པ་གསོ་བ་ལ་ཐབས་གང་དག་ཡོད་དམ་ཞེ་ན།
གཡོལ།དུ་བ་དང་དུག་རླངས།རྡུལ་སོགས་གནོད་པ་ཅན་གྱི་རྫས་གློ་བར་འགྲོ་བ་ལ་གཡོལ་དགོས།ཐ་མག་རྔུབ་པ་ལ་གློ་ནད་འབྱུང་ཚད་ཐ་མག་མི་རྔུབ་པའི་མི་ལས་ལྡབ2ནས8ཀྱིས་མཐོ་བས།སྔ་མོ་ནས་ཐ་མག་གཅོད་པ་ནི་གློ་ནུས་གསོ་ཐབས་གལ་ཆེན་ཞིག་ཡིན།དུག་རླངས་ཅན་གྱི་གནམ་གཤིས་དང་འཕྲད་ཚེ་སྒོ་ཕྱིར་འགྲོ་རྒྱུག་མ་བྱས་ན་ལེགས་ཤིང་།གལ་ཏེ་འགྲོ་དགོས་ཐུག་ཚེ་ཆེད་སྤྱོད་ཁ་ཐུམ་བརྒྱབ་ན་ལེགས།
ཟས།གློ་བ་ཟས་ཀྱིས་གསོ་དགོས་ཞེས་པ་བཞིན།རྒྱུན་ལྡན་དུ་སྤྲི་དཀར་རྫས་དང་འཚོ་རྒྱུ་སོགས་བསྟེན་དགོས།གཞན་དུ་ལུག་མཉེ་དང་མོག་རོ་དཀར་པོ།པད་རྩ་སོགས་ལའང་གློ་བ་གསོ་བའི་ནུས་པ་ལྡན་པས་བསྟེན་རིགས།
འགོགརེད་པ་དང་སྐམ་པ་འགོག་དགོས།ལུས་ཀྱི་དྲོད་སྲུང་བ་དང་རྩོལ་བཅག་རན་པར་བསྟེན་པ་གལ་ཆེ།ཆམ་རིམས་ཁྱབ་ཆེ་བའི་དུས་ཚིགས་སུ་ཆམ་རིམས་ཀྱི་འགོག་སྨན་བསྟེན་པ་ནི་གདམ་གསེས་ལེགས་པོ་ཞིག་ཡིན།སྐམ་ཤས་ཆེ་བའི་དུས་སུ།ཆུ་དྲོན་ཕོར་བའི་ནང་དུ་བླུག་སྟེ།སྣ་ཁུང་ཕོར་བར་གཏད་ནས་རླངས་པ་རྔུབ་པ་དང་།དེ་ཡང་ནངས་དགོང་གཉིས་ལ་ཐེངས་རེར་སྐར་མ་བཅུ་ཡས་མས་སུ་བརྔུབས་ན།དབུགས་ལམ་དང་གློ་བ་གསོ་བར་ཕན་པ་ཡིན།
འགུལ།འགུལ་སྐྱོད་ཚད་དང་རན་པར་བྱེད་དགོས།འདིར་དམིགས་སུ་འབྱིན་རྔུབ་ཀྱི་བྱེད་ཐབས་མཆུ་སྐྱུངས་འབྱིན་རྔུབ་ཞེས་པ་འོས་སྦྱོར་བྱས་ན།དང་པོར་སྣ་ལམ་ནས་དབུགས་རྒྱུན་ལྡན་དུ་བརྔུབས་ནས་གསུས་པ་སྦོ་ཙམ་འབྱུང་བར་བྱེད་པ་དང་།དེ་ཡང་གྲངས་ཀ་གཅིག་ནས་གཉིས་ཙམ་ལ་བརྩིས་རྗེས། ཁ་ནང་ནས་དབུགས་འདོན་དགོས།མཉམ་འཇོག་དགོས་པ་ཞིག་ལ།དབུགས་འདོན་པའི་སྐབས་སུ་མཆུ་དབྱིབས་ཁ་ཤུ་འཐེན་པའི་ཟོལ་དུ་བཟུང་ནས་དབུགས་སྒྲ་ཐོན་པར་བྱེད་དགོས།སྐར་མ་བཅོ་ལྔའི་རིང་ལ་ཐེངས་རེ་བསྟེན་པ་དང་།ཉིན་རེར་ཐེངས་གསུམ་རེ་བསྟེན་དགོས།
དགོད། གློ་ནུས་གསོ་ཐབས་སླ་ཤོས་ནི་དགོད་པ་ཡིན།ཤུགས་ཀྱིས་བགད་ན་བྲང་ཁོག་བསྐྱེད་ལ།གློ་བའི་དབུགས་ཐག་བསྲིང་།ད་དུང་བྲང་ཤ་མཐར་བསྐྱེད་ནུས།གཞན་དུ་ཤུགས་ཀྱིས་བགད་ན་གློ་དབུགས་བསང་བ་དང་རྡུལ་ངན་སྦྱོང་བར་ཡང་བཤད་པས།རབ་ཡིན་ན་ཉིན་རྒྱུན་ནངས་མོར་དབུགས་བརྔུབས་ནས་གཞང་ཁ་སྒྲིམ་པ་དང་།སྐད་ཆེན་པོས་བགད་ནས་རྔུབ་པའི་དབུགས་འདོན་ཚར་བར་བྱེད་པ།དེ་ནས་ལུས་པོ་ལྷོད་ལ་བབས་རྗེས་སླར་ཡང་དེ་ལྟར་བྱས་ནས།ཉིན་རེར་ཐེངས་རེ་དང་ཐེངས་རེར་སྐར་མ་གསུམ་ནས་ལྔ་ཙམ་དུ་རྒྱུན་འཁྱོངས་བྱས་ན་ལེགས།།
(ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།)