མོ་སྟོན་ཕག་མགོ

༼དཀར་མཛེས།༽ གླག་ཀུན་བཟང་བསོད་ནམས།

《 海南报-藏文 》( 2024年07月17日 第 04 版 )

ཞི་བདེ་ཉི་མ་ལགས་ཀྱིས་གཙོ་འཁྲབ་བྱས་པའི་མུ་འབྲེལ་ཟློས་གར༼མོ་སྟོན་ཕག་མགོ༽ལ་བསྐྱར་ལྟ་བྱས་པ།

སྙེ་མའི་མགོ་ལྕོག་ལྡེམ་པའི་ཞིང་གྲོང་ཞིག་ཏུ།།

སྒྲོལ་མའི་སྒོ་དར་སྐྱ་བོ་རླུང་གིས་བསྐྱོད་ཅིང་།།

ཡུང་མའི་ཕྲེང་རྒྱན་དཔྱངས་སའི་གྱང་ཁང་ཆུང་ཆུང་།།

ཨ་ཁུ་ཕག་ལོ་ཚང་གི་ཁྱིམ་གཞིས་ཡིན་འདུག།

ཁྲི་གདུགས་ཉི་མའི་འོད་ཟེར་དྲོད་ཀྱི་ཐིག་ལེ།

སྐར་ཁུང་གྲུ་བཞི་བརྒྱུད་ནས་ཁྱིམ་ལ་འཕྲོས་ཏེ།

སློག་པ་སྐྱ་རལ་ཁུད་དུ་ཡུན་རིང་བཞུགས་ཀྱང་།།

ཕག་ལོ་གཉིད་ལས་སད་པའི་ཐབས་ཀྱིས་སྟོངས་འདུག།

ལྟོགས་པའི་ཕེ་སྐད་སྐྱོ་མོ་ལྟོ་བས་བཏབ་སྟེ།།

བཙན་གྱིས་མལ་ལས་མ་ལང་ཐབས་མེད་ཡིན་དུས།།

ཆུང་མས་དཀའ་བས་བསགས་པའི་འབྲི་མར་ས་ེ་ར་པོ།།

སྣུམ་པོའི་ཟས་ལ་རྔམ་པའི་ཕག་ལོས་ཟོས་སོང་།།

ཁ་ལ་ཅི་ཡོང་བལྟ་ཞེས་གྲོང་ཉུལ་སོང་རྗེས།།

སྒྲོལ་མ་མ་བུ་གཉིས་ཀས་གནའ་སྒྲུང་བཤད་བཞིན།།

མུན་ནག་མཚན་གྱི་དཀྱིལ་བར་རེ་ཞིང་བསྒུགས་མོད།

ཆང་སྐྱོན་རྡོག་ཐོའི་ཕ་འབབ་ཕག་ལོས་ཁྱེར་བྱུང་།།

ཉིན་མོར་ཕག་པ་ནང་བཞིན་མལ་དུ་ཉལ་ཞིང་།།

མཚན་མོར་སྨྱོན་པ་ནང་བཞིན་ཆང་སྐྱོན་འཕུད་ཅེས།།

མི་ཁ་རླུང་གིས་ཁུར་ནས་རི་ཆུ་བརྒལ་ཡང་།།

ཨ་ཁུ་ཕག་ལོའི་སྤྱོད་པར་འགྱུར་ལྡོག་མི་འདུག།

རྒ་རྒས་མ་ཎི་བགྲང་སའི་དུང་འཁོར་རྩ་རུ།།

འབྲོང་དང་དྲེད་མོང་བསད་པའི་གཏམ་རྒྱུད་བཤད་ནས།།

ཁ་ཕོ་གནམ་ལ་ཐུག་པའི་གཞོན་སྐྱེས་ཕག་ལོར།།

ཐ་ན་ཁ་ལ་འཐེན་རྒྱུའི་དུ་བ་མི་འདུག།

སོ་ནམ་ལས་ལ་བརྩོན་ཞིང་ཁྱོ་རྩིས་ཆེ་བའི།།

མ་བཟང་ཆུང་མ་སྒྲོལ་མའི་ཐབས་ལ་བརྟེན་ནས།།

ཕག་ལོས་ས་སྟོང་ཞིག་ནས་འབྲི་མར་རྙེད་པར།།

ཁྱུང་གི་སྒོ་ང་རྙེད་ཅེས་གཉིད་ཀྱང་མ་ཁུག།

ཕག་ལོ་སྒྱིད་ལུག་གཉིད་ལས་གཏན་དུ་སད་དེ།།

རི་དྭགས་རྔོན་ལ་ཆས་པའི་ལམ་ལ་ཞུགས་ཁར།།

མ་བཟང་སྒྲོལ་མ་མ་བུས་སེམས་པ་དགའ་བཞིན།

མིག་ཆུ་དྲོན་མོ་ཞིག་གིས་སྐྱེལ་མ་བྱས་འདུག།

རྟ་རྒན་རྐྱང་ལི་ཞོན་ཞིང་ཤྭ་ཁྱི་ཁྲིད་ནས།།

ཉག་ཕྲན་མདའ་དང་གཞུ་མོ་ལག་ཏུ་ཐོགས་པའི།།

ཕག་ལོ་རྔོན་ལ་འགྲོ་བའི་རྒྱབ་གཟུགས་དེ་ལ།།

ཚ་ཞང་འདན་མ་བྱང་ཁྲའི་ཉམས་ཤིག་དོད་འདུག།

ཚེར་མའི་སྡོང་པོ་ཞིག་གི་ཕག་ཏུ་ཡིབ་སྟེ།།

རི་བོང་ནག་པོ་ཞིག་ལ་མདའ་མོས་བརྒྱབ་རྗེས།།

དགའ་ཚོར་དཔག་མེད་ངང་ནས་གམ་དུ་བརྒྱུགས་ཚེ།།

རྡོ་བ་ནག་པོ་ཞིག་ལས་ཅི་ཡང་མི་འདུག།

ཝ་མོ་འཕྱི་ཁུང་ནང་དུ་བྲོས་པ་མཐོང་རྗེས།།

ཞྭ་མོས་འཕྱི་ཁུང་བཀག་པའི་ཇུས་ཆེན་བཀོད་ཀྱང་།།

ཕྱིང་ཞྭ་ཝ་མོས་གོན་ནས་རྒྱང་ལ་བྲོས་ཏེ།།

ཕག་ལོའི་རྟ་ཁྱི་མདའ་གསུམ་རྗེས་སུ་ཤོར་སོང་།།

ཝ་མོ་ཞྭ་གོན་ཞིག་དང་རྟ་ཁྲིད་ཁྱི་ཞིག།

རྟ་ཕོ་མདའ་ཁུར་ཞིག་ཅེས་གང་སར་དྲིས་ཀྱང་།།

སུས་ཀྱང་མཐོང་ཐོས་མེད་པའི་ངོ་མཚར་དོན་འདི།།

འཛམ་གླིང་གསང་ཆེན་ཞིག་གི་གྲབས་སུ་རྩི་འོས།།

མི་ཡུལ་ས་མཐའ་ཞིག་ནས་ཡོད་ཚད་བོར་ཞིང་།།

ཐ་ན་ལུས་ཀྱི་གོས་ཀྱང་གཞན་གྱིས་འཕྲོག་ནས།།

མི་མང་རུབ་རྡུང་རག་པའི་ཁེར་རྐྱང་ཕག་ལོས།།

བུ་དང་ཆུང་མ་དྲན་པའི་མིག་ཆུ་ཤོར་རམ།།

རླུང་ཁའི་གྲི་སོ་རྣོ་བའི་བྱང་ཐང་ཞིག་ཏུ།།

ནོར་དང་ལུག་ཁྱུ་འཚོ་བའི་བྱིས་པ་ཞིག་གི།

རུམ་གྱི་བྲོ་ཁར་མུག་ནས་མཆིལ་མ་ཤོར་དུས།།

ཕག་ལོའི་ལ་རྒྱའི་ཀ་བ་ས་ལ་འགྱེལ་འདྲ།།

ས་མཐའི་ཁེར་རྐྱང་འཁྱམས་པོ་ལྟོགས་ཤིང་འཁྱགས་ཏེ།།

གནས་ཚང་གཡར་མཁན་ཞིག་ཀྱང་ལར་ནས་མེད་པར།།

སྒོ་ཁའི་རྩྭ་སྤུངས་ཤིག་ཏུ་ཉལ་དགོས་ཐུག་དུས།།

ཕག་པ་ནག་པོ་རེས་ཀྱང་སྙིང་རླུང་དཀྲུགས་འདུག།

ལམ་འགྲོ་མེད་དུས་ཤིག་ལ་ལམ་འགྲོ་བརྒྱུགས་ཏེ།།

ཕྱུག་ཆེན་དཔོན་གྱི་ལྕམ་མོའི་བླ་གཡུ་བོར་ཞིང་།།

།གཡོག་མོས་ལྕི་བར་བསྐུངས་ཏེ་གྱང་ལ་སྦྱར་བ།།

རྩྭ་སྤུངས་གསའ་གསེང་ཞིག་ནས་ཕག་ལོས་མཐོང་འདུག།

མོ་པ་ང་ཡིན་ཟེར་ནས་ཤོབ་སྐད་བཏང་ཞིང་།།

མཆོད་ཆ་ཕག་མགོ་དགོས་ཞེས་བཀའ་གསུང་གནང་སྟེ།།

གྱང་ངོས་བླ་གཡུ་ལྗང་རིལ་མངོན་ལ་ཕུད་པས།།

མོ་སྟོན་ཕག་མགོའི་མཚན་སྙན་དེ་ནས་འབར་འདུག།

ཨ་ཁུ་མོ་སྟོན་ཕག་མགོའི་མངོན་མཁྱེན་ནུས་པས།།

རྒྱལ་སྲས་སེམས་ནད་དཀྲུགས་པའི་གདོན་འདྲེ་བཏུལ་ཞིང་།།

རྐུན་མ་ཁྱི་སྐྱག་སྤུན་གྱི་རྐུན་རྐུབ་ཕུད་པས།།

སྙན་པའི་འབྲུག་སྒྲ་ཆེན་པོ་གླིང་ལ་གྲགས་འདུག།

མོ་པས་དཀོར་དུ་གསོལ་བའི་རྒྱུ་དང་ནོར་གྱིས།།

ཆུང་མས་ཝ་ཞྭ་གྱོན་འདོད་ཕུགས་བསམ་བསྐུངས་ཤིང་།།

ཁྱིམ་ལ་རིན་ཆེན་དོ་རྩིག་མཐོན་པོར་བརྩིགས་ཀྱང་།།

ཨ་ཁུ་མོ་སྟོན་ཕག་མགོའི་མགུ་ཁ་མ་སོད།།

ཨ་ཁུ་མོ་པ་ཚང་ལ་མགྲོན་པོ་མང་དྲགས།།

ཞིང་གྲོང་རྐང་ལམ་ཕྲ་མོ་ཇེ་ཟབ་ཆགས་འདུག།

དད་པའི་གུས་ཕྱག་འཚལ་མཁན་མང་མང་ཡིན་དྲགས།།

མོ་པས་རང་ཉིད་ལ་ཡང་ཡིད་ཆེས་བཙན་འདུག།

ལྕགས་མཚོའི་བུ་ཆུང་ཚེ་རིང་རི་ཁར་ཤི་ཞེས།།

མོ་པའི་མོ་ལུང་ལྟར་དུ་ཤི་ཆོས་སྒྲུབ་སྐབས།།

ཚེ་རིང་གླུ་ཆུང་ལེན་བཞིན་ཡུལ་ལ་སླེབས་པས།།

ཨ་ཁུ་མོ་སྟོན་ཕག་མགོའི་རྫུན་རྐུབ་བརྡོལ་འདུག།

ཕག་ལོའི་སྐྱག་རྫུན་རྔ་མ་དོང་ཁར་བུད་པས།།

ཡུལ་མིའི་རྡུང་ནན་ཁྲོད་ནས་ཁྲེལ་གྱིས་མ་བཟོད།།

རྗེས་སུ་མོ་རྫུན་མི་འདེབས་ཁོ་ཐག་ཡིན་ཞེས།།

ཕག་མགོ་ནག་པོ་དེ་ཡང་ཆུ་ལ་གཡུགས་འདུག།

མོ་པའི་རྫུན་རྐུབ་བརྡོལ་བའི་མི་ཁ་གཏམ་འཁྱར།།

རྐུན་མ་ཁྱི་སྐྱག་རྣ་རུ་རླུང་ལྟར་གཡུག་དུས།།

དམྱལ་བར་ལྷུང་རྒྱུ་དེ་ཞེས་དམོད་མོ་བོར་རམ།།

ཀྱི་ཧུད་རིན་ཆེན་གསེར་ཞེས་འགྱོད་པ་སྐྱེས་སམ།།

རྒྱ་བླ་བོད་བླ་མང་བའི་དེང་གི་དུས་ལ།།

རྗེ་བཙུན་མི་ལ་ལྟ་བུ་དཀོན་ཞིང་དཀོན་ཡང་།།

མོ་སྟོན་ཕག་མགོ་དག་གིས་ས་ཆེན་བཀང་འདུག།

རྐུན་མ་ཁྱི་སྐྱག་དག་གིས་གཟབ་གཟབ་མཛོད་ཅིག།