- 放大
- 缩小
- 默认
ཞུང་ཡོན་ལའེ་ཡིས་ནུས་ཁུངས་གཙང་མ་དང་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
《 海南报-藏文 》( 2026年03月04日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ2པའི་ཚེས26ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ཁུལ་དང་བཏུལ་ཐང་གི་སྟོང་ཝ་ཁྲི་སྟོང་ཅན་གྱི་ནུས་ཁུངས་གསར་པའི་རྟེན་གཞིར་སོང་ནས།ལས་གཞིའི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་ལེན་ཟབ་མོ་བྱས་ཏེ།ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས་ལྗང་མདོག་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་།ནུས་ཁུངས་གཙང་མ་དང་གཞི་གྲངས་དཔལ་འབྱོར་བཅས་གཏིང་ཟབ་ཀྱིས་མཉམ་འདྲེས་བྱེད་པར་སྐུལ་འདེད་བྱས་ཏེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས་ཞེས་ནན་གྱིས་བསྟན།
གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ཁུལ་དུ་ཞུང་ཡོན་ལའེ་ཡིས་གླིང་ཁུལ་གྱི་བྱ་བའི་འཆར་འགོད་དང་བདག་གཉེར་དོ་དམ། ཚོང་འགུག་དངུལ་འདྲེན་སོགས་ཀྱི་བྱ་བའི་མཚམས་སྦྱོར་ལ་ཞིབ་མོར་ཉན་རྗེས། གཞི་གྲངས་ལྟེ་གནས་ཀྱི་འཁོར་སྐྱོད་དང་གཙོ་གནད་ལས་གཞིའི་འཛུགས་སྐྲུན། གླིང་ཁུལ་གྱི་ལྗང་བསྒྱུར། སྐྱེལ་འདྲེན་སྒྲིག་ཆས། འཚོ་བའི་ཞབས་ཞུའི་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་ཏེ།ཤར་གྲངས་ནུབ་རྩིས་ཞེས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་པོར་གཞིགས་ནས། ཞིང་ཆེན་ཡོངས་ཀྱི“1+2+N”ཞེས་པའི་ལྗང་མདོག་རྩིས་ཤུགས་རྟེན་གཞིའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་ནང་དུ་འདྲེས་པར་བྱས་ནས། སྔོན་ལ་བསམ་གཞིགས་དང་འཆར་འགོད་བྱེད་པ་དང་ས་ཞིང་དང་ནུས་ཁུངས།ཤེས་ལྡན་མི་སྣ་སོགས་ཀྱི་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ལྗང་གློག་ཐད་སྦྲེལ་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱས་ཏེ།ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་ཐད་ལ་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་པར་འབད་པ་བྱ་དགོས་པ་དང་།ཁེ་ལས་ཀྱི་འཕེལ་རྒྱས་དང་ལས་བཟོ་པའི་དགོས་མཁོར་དམིགས་ཏེ།རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།ཚོང་གཉེར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་བཅས་བྱས་ནས།ཁེ་ལས་སྔར་ལས་མང་པོ་མཚོ་ལྷོར་གཞི་ཆགས་ཐུབ་པ་དང་ཤེས་ལྡན་མི་སྣ་སྔར་ལས་མང་པོ་མཚོ་ལྷོར་སྡོད་ཐུབ་པར་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན།
འོད་ནུས་ཐོན་ལས་གླིང་ཁུལ་ཞུང་ཡོན་ལའེ་ཡིས་ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་དང་མ་འོངས་པའི་བཀོད་སྒྲིག་གནས་ཚུལ་གྱི་ངོ་སྤྲོད་ལ་ཞིབ་མོར་ཉན་པ་དང་། ཡུལ་དངོས་སུ་གློག་འདོན་ས་ཚིགས་འཁོར་བསྐྱོད་དང་ཆུ་འོད་གསབ་རེས། དེ་མིན་འོད་ནུས་དང་སྐྱེ་ཁམས།ཕྱུགས་ལས་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་སྟེ།ལས་གཞིའི་ཐོན་ནུས་ཕན་འབྲས་དང་སྐྱེ་ཁམས་བཅོས་སྐྱོང་།དམངས་ཕན་འབབ་འཕར་གྱི་ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། ནུས་ཁུངས་གསར་པའི་ལས་གཞིའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་རྒྱུ་རྐྱེན་མཁོ་སྤྲོད་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་ལས་གཞིའི་སྤུས་འདེགས་ཤོང་བསྐྱེད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། མཚོ་ལྷོའི་ནུས་ཁུངས་གསར་པའི་རྟེན་གཞིའི་ལས་གཞིའི་སྔོན་གྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་སྟེ།ཁུངས་དྲ་ཁུར་གསོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་ལེགས་སུ་བཏང་ནས། ནུས་ཁུངས་གཙང་མའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་མུ་མཐུད་དུ་རྒྱ་བསྐྱེད་དགོས་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཕན་ཚུན་མཉམ་སྐུལ་མཉམ་འཕེལ་ཡོང་བ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ཀྱི་མཚམས་ཐིག་བརྟན་པོར་སྲུང་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་དམངས་ཚིས་ཕྱུག་འགྱུར་གྱི་བྱེད་ཐབས་དངོས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།
ལི་ཀུའོ་ཞུང་རྟོག་ཞིབ་ལ་ཞུགས།།