2026ལོར་རང་ཁུལ་གྱིས་དམངས་ཚིས་དོན་དངོས་ལས་གཞི20བསྒྲུབ་རྒྱུ་རེད།

《 海南报-藏文 》( 2026年02月11日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ2པའི་ཚེས8ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བདུན་པའི་མཇུག་བསྒྲིལ་ཚོགས་ཆེན་སྟེང་། མཚོ་ལྷོ་ཁུལ་གྱི2026ལོའི་སྲིད་གཞུང་གི་དམངས་ཚིས་དོན་དངོས་ལས་གཞིར་འདེམས་ཤོག་འཕངས་ཏེ་བདམས་ཐོན་བྱུང་བའི་ལས་གཞི20གཤམ་གསལ་ལྟར།

ལས་གཞི1པོ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསོ་སྐྱོང་བྱེད་པ།མ་དངུལ་སྒོར་ཁྲི2721བཏང་ནས།སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་མཐོར་འདེགས་དང་།མཚོ་སྐོར་ལྷོ་ངོགས་ཀྱི་ལྗོངས་གཟིགས་གནས་གདངས་འདེགས་རིམ་སྤོར།ཀོས་ནན་བྲག་དཀར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཅོས་སོགས་གཙོ་གནད་རིག་གནས་ཡུལ་སྐོར་ལས་གཞི་ལག་བསྟར་བྱས་ཏེ།རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཚད་དང་སྤྱི་པའི་ཞབས་ཞུའི་བདེ་སྟབས་ཚད་རིམ་བཞིན་མཐོར་འདེགས་བཏང་ནས།ཡུལ་སྐོར་ཚོང་རའི་འཛད་སྤྱོད་གསོན་ཤུགས་སྐུལ་སློང་བྱེད་པ།

ལས་གཞི2པ།སྨན་བཅོས་འཕྲོད་བསྟེན་གྱི་དམངས་ཕན་ཕན་འབྲས་མཐོར་འདེགས་གཏོང་བ། མ་དངུལ་སྒོར་ཁྲི9250བཏང་ནས།རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་རྨང་བརྟན་བཟོ་བཀོད་དང་གཞི་རིམ་གྱི་གསོ་བཅོལ་ཞབས་ཞུའི་ལས་ཁུངས་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་ཏེ།ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུ་ནུས་པ་སྔར་ལས་མཐོར་འདེགས་བཏང་ནས།མང་ཚོགས་ཀྱི་རིམ་པ་མང་བ་དང་།སྣ་མང་ཅན། སྤུས་ལེགས་བཅས་ཀྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་བ།

ལས་གཞི3པ།ཆུ་བཅོས་དང་ཆུ་འདོན་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།མ་དངུལ་སྒོར་དུང་ཕྱུར3.98བཏང་ནས།གུང་ཧོའི་ཧ་རྒན་ཆུ་མཛོད་དང་།ཁྲི་ཀའི་ཆུ་བཟང་དང་གོ་ར་ཆུའི་བཞུར་རྒྱུན་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་།ཐུན་ཏེ་གོ་སྲིབ་ལུང་བའི་ཆུ་ལོག་འགོག་བཅོས།ཞིན་ཧེ་འབྲོང་འཐུས་ཤང་གི་ཆུ་འདོན་སོགས་དམངས་འཚོའི་ཆུ་བེད་བཟོ་བཀོད་ལག་བསྟར་བྱས་ཏེ།རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ།

ལས་གཞི4པ། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་བཀོད་པ་ལེགས་བཅོས་བྱེད་པ།མ་དངུལ་སྒོར་དུང་ཕྱུར5.6བཏང་སྟེ།མཚོ་སྐོར་ཤར་ལམ་དང་མཚོ་སྐོར་ནུབ་ལམ་གྱི་རྒྱས་བསྐྲུན་ལས་གཞི་དང་ཞིང་སྡེའི་གཞུང་ལམ་བཅོས་སྒྲིག་མཐོར་འདེགས་བཟོ་བཀོད་ལག་བསྟར་བྱས་ནས།ས་ཁོངས་ཀྱི་འགྲིམ་འགྲུལ་དྲ་རྒྱ་སྔར་ལས་ལེགས་བཅོས་དང་། འགྲིམ་འགྲུལ་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ།

ལས་གཞི5པ། སློབ་གསོ་རོགས་སྐྱོར་གྱི་ནུས་སྐྱེད་ཆུ་ཚད་མཐོར་འདེགས་གཏོང་བ།གཞན་ཡུལ་སློབ་སྒྲུབ་བྱ་བར་བསྟུད་མར་ཤུགས་བསྣན་ནས།སློབ་མ180མུ་མཐུད་དུ་ཅང་སུའུ་རུ་སྐྱེལ་ནས་སྤུས་ལེགས་མཐོ་འབྲིང་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་དུ་བཅུག་པ་དང་།“ཅང་ཉིང་འཛིན་གྲྭའི”སློབ་བསྡུའི་གཞི་རྒྱ་སྐྱེད་པར་བརྩོན་ལེན་ཧུར་ཐག་བྱེད་པ་དང་།ཅང་སུའུ་ཡི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་མཐུན་སྦྱོར་བྱས་ནས་ཁ་གཏད་དང་ཕྱོགས་གཏད་ཀྱི་སྒོ་ནས་མཚོ་ལྷོའི་ཐེམ་ཁོངས་ཀྱི་སློབ་མ50སྡུད་ལེན་དང་ལས་རིགས་སློབ་གསོའི་སློབ་མ100སྡུད་ལེན་བྱེད་པ།

ལས་གཞི6པ། ཆུ་ཁུངས་གསོག་འཛིན་གྱི་སྐྱེ་ཁམས་སྲུང་ཡོལ་འཛུགས་པ། མ་དངུལ་སྒོར་དུང་ཕྱུར1.43བཏང་ནས།རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བཟོ་སྐྲུན་ལག་བསྟར།མུའུ1640ཡི་སྐྱེ་ཁམས་བར་མཚམས་ཁུལ་འཛུགས་སྐྲུན་དང་།ཆུའི་འགྲམ་བརྒྱུད་ཀྱི་སྤྱི་ལེ9.7གྱི་སྐྱེ་ཁམས་སྲུང་སྐྱོང་།ས་མུའུ390ཡི་སྐྱེ་ཁམས་སླར་གསོ།རྨ་ཆུའི་ཡན་ལག་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཇེ་ལེགས་དང་ཆུ་ཁུངས་གསོ་སྐྱོང་བྱེད་པ།

ལས་གཞི7པ། ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ།མ་དངུལ་སྒོར་དུང་ཕྱུར3.33བཏང་ནས།ནགས་ལས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གཙོ་གནད་ལས་གཞི་ལག་བསྟར་བྱས་ཏེ།ནགས་སྐྲུན་མུའུ་ཁྲི2.8དང་།འདུས་སྦྱོར་བྱེ་བཅོས་མུའུ་ཁྲི1།བྱེ་གྱུར་ས་ཞིང་གི་ནགས་སྐྲུན་གསར་པའི་དོ་སྲུང་མུའུ་ཁྲི10།ཞན་གྱུར་རྩྭ་ཐང་ཉམས་གསོ་མུའུ་ཁྲི101།ནགས་ལས་གནོད་ལྡན་སྐྱེ་དངོས་འགོག་སྡོམ་མུའུ་ཁྲི1།རྒྱལ་དབང་མིན་པའི་ནགས་སའི་སྐྱེ་ཁམས་སྲུང་སྐྱོང་སྐྱིན་གསབ་མུའུ་ཁྲི326བཅས་ལེགས་འགྲུབ་བྱེད་པ།སྐྱེ་ཁམས་ནགས་སྲུང་པའི་ངལ་དོན་གླ་ཕོགས་སྒོར་དུང་ཕྱུར1.72དོན་འཁྱོལ་བྱེད་པ།

ལས་གཞི8པ། ཆུ་འབུད་དང་ཆུ་ལོག་འགོག་བཅོས་ཀྱི་གཙང་སེལ་ཕན་ནུས་མཐོར་འདེགས་གཏོང་བ། མ་དངུལ་སྒོར་ཁྲི6010བཏང་ནས། ལྟེ་གནས་མཁར་ཁུལ་གྱི་ཆུ་འབུད་དང་ཆུ་ལོག་འགོག་བཅོས་སྦུག་དྲ་སྒྱུར་བཅོས་ཀྱི་བཟོ་བཀོད་སྐོར་ཞིག་ལག་བསྟར་བྱས་ཏེ།མཁར་གྲོང་གི་དམིགས་བསལ་གནམ་གཤིས་ལ་ཁ་གཏོད་པའི་ནུས་པ་མཐོར་འདེགས་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་པ།

ལས་གཞི9པ། མཁར་ཤང་ལས་ཞུགས་སྤུས་འདེགས་ཤོང་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཀྱི་བྱེད་ཐབས་འགའ་དོན་འཁྱོལ་བྱས་ཏེ།ལས་ཞུགས་ཀྱི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི6000བཏང་ནས།ཁུལ་ཡོངས་མཁར་གྲོང་གི་ལས་ཞུགས་མི2200གསར་སྣོན་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.7སྤོ་སྒྱུར་ལས་ཞུགས། སྐབས་ཐོག་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རོགས་སྐྱོར་ལས་ཞུགས་བྱེད་ཚད96%ཡན་རྒྱུན་འཁྱོངས་བྱེད་པ་དང་། མཁར་ཤང་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས4000ལེགས་འགྲུབ་བྱེད་པ།

ལས་གཞི10པ། སློབ་གསོའི་ལས་དོན་འཕེལ་རྒྱས་འགྲོ་བའི་རྨང་རྩ་བརྟན་པོར་གཏོང་བ། མ་དངུལ་སྒོར་དུང་ཕྱུར1.35བཏང་ནས། སློབ་རའི་རྨང་གཞི་སྒྲིག་བཀོད་ལེགས་བཅོས་ཀྱི་བཟོ་བཀོད་དང་གྲངས་འཛིན་ཅན་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ།སློབ་སྒྲུབ་ཀྱི་ཆ་རྐྱེན་སྔར་ལས་མཐོར་འདེགས་དང་།སློབ་གསོ་འཕེལ་རྒྱས་ཀྱི་རྨང་རྩ་བརྟན་པོར་གཏོང་བ།དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས། ཐབས་ལམ་མང་པོའི་སྒོ་ནས་དགེ་རྒན90གདན་ཞུ་བྱེད་པ།

ལས་གཞི11པ།སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོང་འགོག་རགས་བརྟན་པོར་འཛུགས་པ། གཞི་རྩའི་འཚོ་བའི་རོགས་སྐྱོབ་འགན་སྲུང་སྲིད་ཇུས་གཅིག་འདོམས་དོན་འཁྱོལ་བྱས་ཏེ།མཁར་ཤང་དམའ་སྲུང་དང་།དམིགས་བསལ་དཀའ་ངལ་འཚོ་སྐྱོང་། གནས་སྐབས་རོགས་སྐྱོབ།ཉམ་ཐག་བྱིས་པ།འཁྱམས་པོ་སློང་མོ་བ་བཅས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.6བཀྲམ་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་།བདེ་སྣང་བཅས་མཐོར་འདེགས་གཏོང་བ།

ལས་གཞི12པ། གློག་དྲའི་དྲ་སྒྲོམ་ལེགས་བཅོས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ།མ་དངུལ་སྒོར་དུང་ཕྱུར1.8བཏང་སྟེ།མཁར་ཤང་གློག་དྲའི་རིམ་སྤོར་ཤོང་སྐྱེད་བཟོ་བཀོད་ལག་བསྟར་བྱས་ནས། གློག་དྲའི་དྲ་སྒྲོམ་སྒྲིག་གཞི་དང་གློག་འདོན་ཆུ་ཚད་སྔར་ལས་ལེགས་བཅོས་བྱེད་པ་དང་། མཁར་ཤང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤུས་ཚད་མཐོ་བའི་གློག་ཤུགས་མཁོ་སྤྲོད་འགན་སྲུང་བྱེད་པ།

ལས་གཞི13པ། འཕྲིན་གཏོང་དྲ་རྒྱའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ།མ་དངུལ་སྒོར་ཁྲི1640བཏང་ནས།སྐོར་བཅུ་གཉིས་པའི་གློག་འཕྲིན་ཁྱབ་གདལ་ཞབས་ཞུའི་ལས་གཞི་ལག་བསྟར་བྱས་ཏེ། དྲ་རྒྱའི་སྦྲེལ་ཚུགས36འཛུགས་སྐྲུན་ལེགས་འགྲུབ་བྱས་ནས། རོང་འབྲོག་ཁུལ་དུ་འཕྲིན་གཏོང་བརྡ་རྟགས་ཁེབས་པ་དང་དྲ་རྒྱའི་རིམ་སྤོར་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ།

ལས་གཞི14པ།མང་ཚོགས་འཚོ་སྡོད་ཆ་རྐྱེན་གྱི་སྤུས་ཚད་ལེགས་བཅོས་བྱེད་པ། མ་དངུལ་སྒོར་དུང་ཕྱུར1.42བཏང་ནས། འཆམ་མཛེས་གྲོང་གསེབ24དང་།མཁར་གྲོང་ཁང་རྙིང་སྒྱུར་བཀོད87ལག་བསྟར་བྱེད་པ།མ་དངུལ་སྒོར་དུང་ཕྱུར4.23བཏང་སྟེ། གུང་ཧོ་དང་ཁྲི་ཀའི་འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།ས་ཁོངས་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་ཕན་ནུས་མཐོར་འདེགས་གཏོང་བ།

ལས་གཞི15པ། དྲོད་འདོན་དྲོད་སྐྱེད་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ།མ་དངུལ་སྒོར་ཁྲི6005བཏང་ནས། མཁར་གྲོང་དྲོད་འདོན་སྦུག་དྲའི་སྒྱུར་བཅོས་བཟོ་བཀོད་ལག་བསྟར་བྱས་ཏེ།མཁར་གྲོང་གི་དྲོད་འདོན་ཞབས་ཞུའི་ནུས་ཕྱོད་སྔར་ལས་མཐོར་འདེགས་གཏོང་བ།

ལས་གཞི16པ། དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོར་གཏོང་བ།མ་དངུལ་སྒོར་དུང་ཕྱུར1.2བཏང་ནས། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི5རྒྱས་སྐྲུན་དང་།སྐོར་ཐེངས་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་རྐྱེན་སྲོལ་དང་རྨོ་ཞིང་ས་བཅུད་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ།ཁ་གསབ་མ་དངུལ་སྒོར་དུང་ཕྱུར6.04སྤྲོད་པ།

ལས་གཞི17པ།ཁ་གཏད་རོགས་སྐྱོར་གྱི་རོགས་རེས་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར3.34དོན་འཁྱོལ་བྱས་ཏེ། སློབ་གསོ་རིག་གནས་དང་།ཞིང་ཕྱུགས་ཐོན་ལས།ཤེས་ལྡན་པ་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། 80%ཡན་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་གཞི་རིམ་དང་དམངས་འཚོ་འགན་སྲུང་ཐད་དུ་སྤྱོད་པར་ཁག་ཐེག་བྱེད་པ།

ལས་གཞི18པ། ནོར་སྲིད་ཀྱི་འདེགས་སྐྱོར་ནུས་པ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ།ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར3.5སྤྱི་འདོམས་འཆར་འགོད་བྱས་ཏེ།ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བར་རྒྱབ་སྐྱོར་བྱེད་པ། དེའི་ཁྲོད་མ་དངུལ“ཁྲི་སྟོང་ལྔ”ཅན5བཏང་ནས། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས།འཚོ་བའི་གད་སྙིགས་མེར་སྲེག་གློག་འདོན།གསར་རྣམ་མཁར་གྲོང་ཅན་གསར་སྒྱུར་སྤུས་འདེགས།མཁར་གྲོང་ལྗང་སྒྱུར་སྒྱུར་བཅོས་བཅས་ཀྱི་ལས་གཞི་ལ་རྒྱབ་སྐྱོར་བྱེད་པ།མ་དངུལ“ཁྲི་སྟོང་གསུམ”ཅན1བཏང་ནས། རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐད་དུ་སྤྱོད་པ།མ་དངུལ“ཁྲི་སྟོང་གཉིས”ཅན3བཏང་ནས། འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་དང་།ལས་གཞི་གལ་ཆེན་གྱི་དུས་སྔོན་དང་འཕྲོད་བསྟེན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ཐད་ལ་འགན་སྲུང་བྱེད་པ། མ་དངུལ“ཁྲི་སྟོང་གཅིག”ཅན1བཏང་ནས། ཤེས་ལྡན་པའི་ལས་དོན་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ།

ལས་གཞི19པ། ཀུན་ཕན་དངུལ་རྩའི་གྲངས་འབོར་འཕར་བ་དང་ངོས་རྒྱ་སྐྱེད་པར་སྐུལ་འདེད་གཏོང་བ། དངུལ་རྩའི་ཞབས་ཞུ་དང་ཀུན་ཕན་ཅན་གྱི་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། དངུལ་རྩའི་ལས་ཁུངས་དང་མཐུན་སྦྱོར་གྱིས་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར18དང་དམངས་གཉེར་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར8.6བཀྲམ་ནས། རོང་འབྲོག་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་དང་ཁེ་ལས་མ་དངུལ་གྱི་དགོས་མཁོ་སྐོང་བ་དང་།གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་རོགས་འདེགས་བྱེད་པ།

ལས་གཞི20པ།ལྗང་གློག་དམངས་ཕན་གྱི་ཤོང་སྐྱེད་ནུས་འཕར་ལ་སྐུལ་འདེད་གཏོང་བ། མ་དངུལ་སྒོར་ཁྲི1600བཏང་ནས། གློག་དྲ་ཆེན་པོ་ཁེབས་མེད་པའི་ས་ཁུལ་གཅིག་སྡུད་གནས་ཀྱི་འོད་ནུས་མཐོར་འདེགས་བཟོ་བཀོད་ལས་གཞི་ལག་བསྟར་བྱས་ཏེ།ནུས་ཁུངས་གསར་བརྗེས་གཞི་རིམ་གྱི་མང་ཚོགས་ལ་ཕན་ཐོགས་པར་སྐུལ་འདེད་གཏོང་བ་བཅས་སོ།།