དྲན་པའི་རབ་ཁ་བརྒལ་བ།

ཁྲི་སྐལ་བཀྲ།

《 海南报-藏文 》( 2025年10月22日 第 04 版 )

ཆབ་ཆ་རུ་ཉིན་འགར་བསྡད་པའི་འདུར་རྒྱུགས་ཀྱི་བར་གསེང་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་སྒོ་ཆེན་བརྒྱུད་དུས།སྔོན་ཆད་ཀྱི་བདག་གི་མ་ཡུམ་དགེ་ཐོན་སློབ་གྲྭ་སྟེ།མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ཡིད་ལ་ཝ་ལེར་དྲན་པའི་མོད་ལ།དེ་གར་ལོ་རབས་དགུ་བཅུའི་དུས་མགོའི་སློབ་མའི་འཚོ་བ་དང་དེའི་ཁ་དོག་གང་མང་གིས་བརླན་འོང་བ་ནི་རྡོ་རྗེ་ཕ་ལམ་ལྟ་བུའི་མིག་ཆུ་རྡོག་པོ་རེ་རེ་ས་ལ་ལྷུང་འགྲོ་བ་དེ་ལ་གཞི་བྱས་སོ།།

སྔོན་འགྲོའི་གཏམ།

ལོ་དེར་རྒྱུགས་འཕྲོད་བརྡ་སྦྱོར་དེས།

དགའ་བ་འབུམ་གྱིས་མྱོས་ཏེ་རུ་སྐོར་ཚོར་ཀུ་རིང་རེ་བཏབ་མོད།

སྐེ་ལ་ཁ་བཏགས་ཤིག་འཕེན་མཁན་ཡེ་ནས་མེད་རུང་།

རང་གིས་རང་ལ་རི་སྐྱེས་མེ་ཏོག་གི་ཞྭ་མོ་བསླེས་ཏེ།

དཔའ་ལ་སྟག་གིས་བསྟོད་པའི་ཚུལ་དུ་ཀུ་རེ་རྩེད་ནས།

ཁྱིམ་མི་ཚོས་ངོ་གདོང་གསེར་ཞལ་ལྟར་བསྒྱུར་པ་བརྗེད་ག་ལ་སྲིད།

རྒྱུ་མཚན་ནི་ལོ་དེར་ལྕགས་ཀྱི་ཅ་ནེ་ཞིག་ཐོབ་ན་གཙིགས་ཆེ་བས་སོ། །

ལོ་དེར་ཕ་ལགས་ཀྱིས་རླངས་འཁོར་ས་ཚིགས་སུ།

པ་སེ་དང་རྐུབ་སྟེགས་བརྩད་དེ་འཚང་ཁ་ལས་རྣམ་པར་རྒྱལ་འགྲོ་ལ།

ངའང་པྲ་ཆལ་ངང་རླངས་འཁོར་གྱི་སྒེའུ་ཁུང་དུ་འཛུལ་ནས་ཏན་སེ་ཙོག་འགྲོ།

སྐབས་དེ་ཤེད་དུ།ཆབ་ཆ་ནི་གསར་བུ་གསར་མོ་མང་ས་ཡིན་པ་གོ་མྱོང་ལ།

ཆབ་ཆ་ན་བུ་རིག་ཡག་ཡིན་ན་མཛེས་མ་ཚོས་བློར་འབབ་པའང་གོ་མྱོང་།

གང་ལྟར།ཆབ་ཆ་ནི་ཧ་ཅང་ཐག་རིང་ཐག་རིང་ཞིག་ཡིན་པ་མི་ཤེས་རུང་།

ཉིན་གང་བོར་མགོ་ཡུ་འཁོར་ཞིང་ཨོང་ཤ་ན་རུང་བསྲན་ཐུབ་པ་ཞིག་ཡིན།

ཆབ་ཆ་ལ་སླེབས་པ་ནི་འཇིག་རྟེན་གཞན་ཞིག་ལ་སླེབས་པ་དང་འདྲ་བར།

སོང་མ་མྱོང་བ་ཡིན་ན་ད་གཟོད་ནད་པ་ཞིག་རླངས་འཁོར་ལས་བབས་པ་ལྟར།

རྐང་བ་ཁ་ཕྱོགས་གང་ཞིག་ལ་སྤོ་དགོས་པའང་ཡིད་ལ་མི་འཁོར་བར་གྱུར་འགྲོ།

ལོ་དེ་ལ།ང་ནི་ཆབ་ཆའི་བཞི་མདོ་རུ་ལུས་པའི་གཟའ་རོ་ཞིག་ཏུ་གྱུར་མྱོང་།

ཡིན་ན་ཡང་།ཕུ་བོ་བཀའ་དྲིན་ཅན་དེ་མིན་རྒྱུ་ན་དགོང་མོ་རྒྱ་སྲང་དུ་ཉལ་དགོས་ས་རེད།

ལོ་དེར།མཚན་སྙན་འབར་བའི་མ་ཡུམ་དགེ་ཐོན་སློབ་གྲྭའི་ཕྱོགས་སུ།

གླ་འཁོར་ཟེར་བ་ཞིག་མེད་པས་ཉལ་ཐུལ་ཁུར་ནས་རྐང་ཐང་དུ་བུད་འགྲོ།

འཛུམ་དམུལ་དམུལ་གྱི་ངོ་གདོང་ནས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ཞོར།

སྐུ་ཞབས་དོན་གྲུབ་རྒྱལ་ལགས་འདི་རུ་བཞུགས་མྱོང་ཚུལ་དྲན་ཚེ།

སྒོ་མདུན་དུ་ཉིན་གང་བོར་ལངས་ནས་འདུག་འདོད་པ་ཞིག་ཡིན་ལ།

སེམས་སུ་ད་ནི་ཁྱེད་ལ་འཐམ་ནས་གང་ལའང་མི་འགྲོའོ་ཞེས་ཨུ་ཚུགས་འདྲ་ཡང་སྐྱེས་མྱོང་།

ལོས་ཡིན་ཏེ།དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཚེ་ལྕགས་ཀྱི་ཅ་ནེ་ཐོབ་པས་མི་ཚད།

བརྩོན་པའི་དཀའ་བ་དང་དུ་བླངས་ན་དངུལ་གྱི་ཅ་ནེ་ཞིག་ཐོབ་པར།

མི་རིགས་སློབ་ཆེན་གསུམ་ལ་ཕར་ཕྱིན་དམ་བཅའ་ལྟར་བཞག་ཆོག་ལ།

རང་ཉིད་ཀྱི་མགོ་འཕང་ཅི་ལྟར་མཐོ་ན་ཕུགས་བསམ་ཡང་དེ་ལྟར་ཡངས་པས་སོ།

སྐབས་དེར།ང་ཚོས་མི་ལོ་གསུམ་གྱི་དཀའ་སྡུག་དང་ཕྱི་མིག་གི་ཀློང་ནས།

ཤེས་བྱ་རིག་པའི་རྩལ་གྱིས་ནམ་འཕང་བསྟད།

མི་གཤིས་དྲོན་མོའི་ཤེད་ཀྱིས་སེམས་རྩ་འཕར།

མཛའ་བརྩེ་ཟབ་མོའི་སྟོབས་ཀྱིས་དར་ཆ་བསྒྲེངས།

མཐུན་སྒྲིལ་ཨ་ལོང་གོར་མོས་ཆིག་མདུད་བརྒྱབ།

ད་དུང་།མགོ་ཁྲིད་ཁོག་རྒྱ་ཅན་དང་དགེ་རྒན་བཀའ་དྲིན་ཅན་དེ་ཚོ།

སློབ་གྲོགས་ལྷག་བསམ་ཅན་དང་གྲོགས་པོ་ཤ་ཚིལ་ཅན་དེ་ཚོ།

འཆད་རྩོད་ལ་འགྲན་ཟླ་བྲལ་ཞིང་བློ་གྲོས་ཀྱི་འཇུག་པ་ཡངས་པའི་དགེ་རྒན་དེ་ཚོ།

གླུ་གར་གྱི་སྒེག་ཉམས་ཕྱུག་ལ་ལུས་རྩལ་གྱི་གནམ་ས་སྐྱོམ་པའི་སློབ་གྲོགས་དེ་ཚོ།

གཏམ་བཤད་ཀྱི་ཁ་ལྕེ་རྒོད་ཅིང་གླུ་གར་གྱི་སྟངས་སྟབས་ངོམ་པའི་དགེ་སློབ་དེ་ཚོ།

དེ་ཚོ་ཡང་ཡང་དྲན་ཚེ་སུམ་རྩེན་གྲོང་དུ་ལྟད་མོར་ཕྱིན་པ་ལྟ་བུའི་ཆེ་མདོག་ཅིག་རློམ་ཡོང་།

དེ་ཚོ་ཡང་ཡང་དྲན་ཚེ་ཚི་དྲེག་མ་ཡལ་བའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་མིག་ལམ་དུ་མངོན་ཡོང་།

ཅི་ལྟར་བཤད་རུང་།ལོ་དེར་རྟ་བརྒྱ་བྱིན་རུང་མི་ཁུག་པའི་བརྩེ་འདང་གི་དྲན་ཤིང་དམར་པོ་དང་།

ད་ལྟ་ད་དུང་ཉར་ཚགས་བྱས་པའི་པར་རྙིང་དེ་དག་སྙིང་གི་ནོར་བུ་ཀེ་ཏ་ཀ་ལྟ་བུར་གྱུར་ཡོད་ཨང་།

རེད་དེ།ལང་ཚོ་ཞེས་པའི་ཐ་སྙད་དེ་ཡང་འགྲེལ་དཀའ་བ་ཞིག་ཡིན་རུང་།

ཁྱེད་ཀྱི་པང་ནས་ཡོད་ཚད་མེ་ཏོག་གི་འདབ་མ་ལྟར་གྲོལ་ཞིང་།

དཔའ་དང་སྤོབས་པའི་པྲ་ཚག་གི་ཚི་ལུ་ཡང་དེ་དུས་སུ་རྒྱས་མྱོང་ཡོད།

དེ་དུས།བརྩེ་དུང་ངམ་ཅི་ཞིག་གི་ཆེད་དུ་ཡིན་པ་བཤད་མི་ཉན་པའང་ཡོད།

སྐབས་ལན་རེར།སློབ་ཁང་དུ་སློབ་གྲོགས་བར་ལ་ཁུར་འཛིང་རེ་དང་།

སྐབས་ལན་རེར།ལུས་རྩལ་ཐང་དུ་སློབ་མ་གཞན་ལ་རྡོ་འཛིང་རེ།

སྐབས་ལན་རེར།ནང་མ་ཁང་དུ་རྐྱལ་སྟོང་ཚོ་ལ་ལྕགས་འཛིང་རེ་བརྒྱབ་ཏེ།

མགོ་ཆག་ལག་ཆག་གི་ཁྲག་དམར་འཛར་འཛར་ག་སར་བཞུར་མྱོང་རུང་།

ཁྱེད་ཀྱི་པང་དུ་རྒོད་པོ་ཐུར་མེད་རེད་འདོད་ཚེ་ན་ཟུག་དག་ཡེ་ནས་བརྗེད་འགྲོ་དུས་ཡོད།

དེ་དུས།ཁྱེད་ཀྱི་པང་ན་ཕོ་ལོ་བཅོ་བརྒྱད་ནི་ཨ་གསར་ཡ་མེད་དག་ཡིན་པས།

ཉལ་ཁང་གི་གྱང་ལའང་ཁུ་ཚུར་གཞུས་ཏེ་ནང་ནས་ཕྱི་ལ་བུ་ག་ཆེ་ཆུང་བརྟོལ་ཏེ།

དགུན་ཁར་ཙག་སེར་བུ་འཛུལ་ས་བྱས་ནས་ནམ་གུང་གཉིད་མི་ཡོང་དུས་ཡོད།

སྐབས་རེར་དགོང་ཚོགས་གྲོལ་དུས་ཕྱི་སྲང་གི་གློག་འོད་འོག་ཏུ་དཔེ་ཆ་སྐྱོར་ཞིང་།

སྐབས་རེར་ཁ་རོག་གེར་ཆབ་ཆའི་སྲང་མདོ་ནས་ནག་ཚོགས་ལ་ཁ་རྡུང་ཡང་བཏང་མྱོང་།

སྐབས་རེར་གཟའ་ཉི་མར་ཕྱི་རོལ་དུ་ཨ་རག་འཐུང་ནས་མཚན་འཁྱོལ་ལ།

སྐབས་རེར་མལ་ཁང་དུ་ཐ་སྙད་འགའི་ཆེད་དུ་བར་མི་ཁོག་དུས་ཀྱང་ཡོད།

དེ་དུས།གླེན་རྟགས་ཡིན་རུང་མིན་རུང་སྣང་བ་སྐྲ་རྩེ་ན་ཡོད་པ་ཏག་ཏག་རེད།

བརྗེད་མི་ཐུབ་པ་ནི།ཆབ་ཆའི་རླུང་ཆེན་གཡུག་ཚེ་དཀར་ཡོལ་ནང་དུ་བྱེ་མ་བླུག་འགྲོ་བ་དེ།

བརྗེད་མི་ཐུབ་པ་ནི།ལུས་རྩལ་བྱ་འགུལ་རེའི་ཁྲོད་དུ་སུ་རྒྱལ་སུ་ཕམ་རུང་དམག་འཁྲུག་འདྲ་ལངས་དགོས་པ་དེ།

བརྗེད་མི་ཐུབ་པ་ནི།ཕོ་སྒོ་ཡོད་མདོག་གིས་སྐྲ་ལོ་རིང་བསྐྱུར་དང་མོ་སྒོ་ཡོད་མདོག་གིས་ཞལ་ངོ་ཡག་ལ་དགའ་པ་དེ།

བརྗེད་མི་ཐུབ་པ་ནི།དཔྱིད་རླུང་ལྡང་བའི་བདེ་སྐྱིད་ཐང་ལ་རྐང་ཐང་དུ་བསྐྱོད་དེ་སྡོང་འཛུགས་ནགས་སྐྲུན་བྱས་པ་དེ།

བརྗེད་མི་ཐུབ་པ་ནི།དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གླེང་ན་སྡོམ་པ་ཤོར་འགྲོ་བ་ལྟ་བུའི་ཚུགས་ཀ་དེ།

བརྗེད་མི་ཐུབ་པ་ནི།སློབ་རའི་གྱང་ལ་འགོས་ནས་བལ་འཐག་བཟོ་གྲྭ་རུ་མཚན་ཉུལ་ལ་སོང་བར་འཇོན་

ཚུལ་ཞིག་ལབ་རྒྱུ་ཡོད་པ་དེ།

བརྗེད་མི་ཐུབ་པ་ནི།སྙིང་གི་དགའ་མ་ལྟ་བུའི་སྙན་ངག་མེ་ལོང་མ་དང་རིག་བྱེད་གཏམ་རྒྱུད་ཀྱི་སློབ་ཁྲིད་ལ་ཉན་སྤྲོ་བ་དེ།

བརྗེད་མི་ཐུབ་པ་ནི།རོགས་ཆུང་ལོ་ཟེར་བའི་ལ་གཞས་ཤིག་བླངས་ན་རྩེད་སྤྱད་སེམས་སྐྱིད་དུ་རློམ་པ་དེ།

བརྗེད་མི་ཐུབ་པ་ནི།ཟླ་གཅིག་གི་དངོས་སྦྱོང་དུ་འཕྲང་དམར་ཟེར་བའི་ལུང་ཁོག་ཅིག་ཏུ་རྨི་ལམ་དང་རེ་བ་

ཐོག་མར་འབུས་མྱོང་ས་དེ།

ད་དུང་བརྗེད་མི་ཐུབ་པ་ནི།ད་དུང་ཉིན་ཞག་འགའ་ལའང་གླེང་མི་ཚར་བ་སྟེ་ཞག་མ་སྟོང་གི་གཏམ་རྒྱུད་ལྟ་

བུ་མིན་ལ་ཡིན་པ་དེ།

དེ་དག་ཐམས་ཅད་ལོ་རབས་དགུ་བཅུའི་སྟོད་ཀྱི་གཏམ་རྒྱུད་ཅིག་ཏུ་མིན་ས་ག་ལ་འགྲོ་ཨང་།

དེ་དུས་སུ།སློབ་སྐབས་གཅིག་ནི་རུས་སྦལ་ནུར་འགྲོས་ལྟར་རྫོགས་ལ་ཉེ་ཚེ།

ད་གཟོད་དགུན་གནང་དང་དབྱར་གནང་ལ་ཕ་ཡུལ་དུ་ལོག་འགྲོ།

དེ་དུས།སྐྲ་ལོ་རིང་བོ་འཇོག་པ་ནི་གསར་རྟགས་ལས་ཡོན་ཏན་ཞིག་ཡོད་མདོག་རེ་སྟོན་འགྲོ་ལ།

ཕ་ཡུལ་གྱི་ལོ་གསར་དང་དུས་ཆེན་ལ་ཐོན་ཚེ་ཉིན་གང་བོར་མེ་ལོང་ལ་ལྟ་དགོས་དུས་ཡོད་པས།

ཨ་ཁུ་པདྨའི་གླུ་ཚིག་ལྟར་ཕར་སོང་ན་སྡེ་བའི་རྒྱན་དང་ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་ཏུའང་འདོད་མྱོང་།

ཡིན་ན་ཡང་།ཕ་ཡུལ་ནས་ཕྱིར་སློབ་གྲྭར་འགྲོ་འདོད་ལ་ཟ་འཕྲུག་ལངས་མྱོང་།

རྒྱུ་མཚན་ནི་དར་ལ་བབས་པའི་སྟག་ཤར་གཞོན་ནུ་ཞིག་ལ་མཚོན་ན།

དགེ་ཐོན་སློབ་གྲྭ་འདི་ནི་མི་ཚེའི་ཕུགས་འདུན་གྱི་སྒོ་མོ་ཕྱེ་ས་སྟེ།

བརྩེ་དུང་གི་ཡོ་ལང་དྲག་ཏུ་རྒོད་ས།

ཤེས་རབ་ཀྱི་འོད་འགྱུ་རབ་ཏུ་འཁྱུག་ས།

དཔེ་ཀློག་གི་དོ་ར་འགྲན་དུ་མེད་ས།

མདོར་ན།བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ས་ཡིན་པས་སོ།

རེད་ཡ།ད་ནི་ཕོ་སྒོ་ཉི་རྩེ་ཤར་བ་འདྲ་བའི་དེ་རིང་དང་།

མོ་སྒོ་དུང་ཟླ་འཚེར་བ་འདྲ་བའི་དེ་རིང་ཏག་ཏག་ལ།

མ་ཡུམ་དགེ་ཐོན་སློབ་གྲྭ་དྲན་པའི་རབ་ཁ་འདི་ལྟར་བརྒལ་དགོས་པ་འདྲ།

འདི་ལྟར་བརྒལ་ཐུབ་པའང་མི་ཚེ་གང་བོའི་རྒྱུ་དང་ནོམ་པ་ཅི་ལ་མིན་ནམ།

ཀྭ་ཡེ།བདག་གི་སྙིང་ཉེ་བའི་སློབ་གྲོགས་ཚོ།

ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་འགྲེང་བའི་ཁྱེད་ཚོས་ཀྱང་།

མ་ཡུམ་སློབ་གྲྭ་དྲན་ན་སྤྲིན་དཀར་ཕང་ཕུང་གི་རབ་ཁ་བརྒལ་ནས་ཤོག་དང་།

ཆབ་ཆ་རུ།ང་ཚོས་བུ་རབས་ཚ་རྒྱུད་ཚོར་གློག་བརྙན་ཞིག་འཁྲབ་ན།

ཆབ་ཆ་རུ།ང་ཚོས་སྤུན་ཟླ་མི་རིགས་ཚོར་འདས་དོན་ཞིག་གླེང་ན།

ཆབ་ཆ་རུ།ང་ཚོས་གཟི་འོད་ལྡན་པའི་མེས་རྒྱལ་ལ་བཀའ་དྲིན་རེ་བརྗོད་ན།

ཡོད་ཚད་ཕྱི་གསལ་ནང་གསལ་གྱི་ཁྱེད་ཚོ་མེད་དུ་མི་རུང་བས།

དྲན་པའི་ཕ་རོལ་ན་ངས་ད་དུང་ཡིན་མདོག་གིས་ཁྱེད་ཚོར་སྒུག་བསྡད་ཡོད།