- 放大
- 缩小
- 默认
ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱས་པ།
《 海南报-藏文 》( 2025年10月22日 第 01 版 )
རང་ཚགས་པར་གྱི་འཕྲིན།ཟླ10པའི་ཚེས14ཉིན་ཚེས15ཉིན་བར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཁྲི་ཀ་རྫོང་དང་ཀོས་ནན་རྫོང། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་སུ་སོང་ནས་རྟོག་ཞིབ་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་གཙོ་རྐང་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ།ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཧུར་ཐག་གིས་མངོན་འགྱུར་བྱ་དགོས་པ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་རྨ་ཆུའི་འགྲམ་རྒྱུད་ཀྱི་ཁྲི་ཀ་རྫོང་འདམ་རྩྭའི་སྤྱི་གླིང་སྐྱེ་ཁམས་བརླན་སར་སོང་ནས་རྨ་ཆུའི་བཞུར་རྒྱུན་ཁྲི་ཀའི་རྨ་སྲིབ་མཚམས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོ་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།ཀོས་ནན་རྫོང་མུ་གེ་ཐང་དུ།ཝུའུ་ཞའོ་ཅུན་གྱིས་བྱང་གསུམ་འགག་སྒྲོལ་དཔེ་སྟོན་ཁུལ་དུ་རྒྱང་ལྟ་བྱས་ཏེ།བྱེ་འཇགས་སྐྱེ་དངོས་སྐྱེ་ཚུལ་ལ་བལྟས་པ་དང་།བྱེ་འགོག་བྱེ་བཅོས་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས།ཁོས་འགན་འཁྲིའི་འདུ་ཤེས་བཟང་པོར་བརྟེན་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རར་སྲུང་སྐྱོང་ལེགས་པོ་བྱེད་དགོས་པ་དང་།བཅོས་སྐྱོང་ལེགས་པོ་དང་དོ་དམ་ནན་མོ་བྱས་ནས། རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་ཡུན་རིང་གནས་སུ་འཇུག་དགོས་པ་ནན་གྱིས་བསྟན།
ཡུལ་དངོས་སུ་རྫོང་རུའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པར་རྒྱུས་ལོན་བྱས་རྗེས།ཝུའུ་ཞའོ་ཅུན་གྱིས་རྫོང་རུའི་རིག་གནས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཡི་གེ་མ་བྱུང་སྔོན་གྱི་ལོ་རྒྱུས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པར་མ་ཟད།ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་སྟབས། སྔོག་འདོན་ལེགས་པོ་དང་སྲུང་སྐྱོབ་ཡག་པོ།ཞིབ་འཇུག་བཟང་པོ་བཅས་བྱེད་པ་དང་། རིག་གནས་རྗེས་ཤུལ་སྲུང་སྐྱོབ་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ།རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཅས་ཕན་ཚུན་ཆར་པ་ཆུ་གྲོགས་ལྟ་བུར་འགྱུར་བར་བྱ་དགོས་ཞེས་བསྟན།
ཁྲི་ཀ་རྫོང་རྨ་ཤར་ཡུལ་ཚོ་གོང་བ་སྡེ་བའི་སྒོང་བྱ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་ཀོས་ནན་རྫོང་མཚོ་སྔོན་དེང་རབས་རྩྭ་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་རུ།ཝུའུ་ཞའོ་ཅུན་གྱིས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་།ཐོན་ལས་ཕྲེང་སྦྲེལ་མུ་མཐུད་དུ་རྒྱུན་བསྲིང་བ། མང་ཚོགས་སྔར་ལས་མང་པོ་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ། ས་གནས་རང་གི་ཕུལ་བྱུང་ཁེ་ལས་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱེད་པ། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་སྤྱི་སྡོམ་དང་ཁྱབ་གདལ་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཐད་ཤུགས་སྔར་ལས་ཆེན་པོ་འདོན་དགོས་པའི་སྐུལ་མ་བཏང་། ཞིན་ཧེ་རྫོང་ཐང་ནག་ཡུལ་ཚོའི་མང་ཚོགས་གནས་སྤོར་བདེ་འགོད་ས་ཚིགས་ཀྱི་སྡེ་བའི་རྣམ་པ་དང་སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ཀྱི་འགྱུར་ལྡོག་ཆེན་པོ་མཐོང་རྗེས།ཝུའུ་ཞའོ་ཅུན་གྱིས་ངེས་པར་དུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གང་ལེགས་བཏང་སྟེ།མང་ཚོགས་གནས་སྤོར་ཐུབ་ལ།གཏན་སྡོད་བྱེད་ཐུབ་པ།ཕྱུག་འགྱུར་ཡོང་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།
སེང་ཁྲི་དགོན་དང་བྲག་དཀར་སྤྲེལ་རྫོང་དགོན་དུ། ཝུའུ་ཞའོ་ཅུན་གྱིས་དགོན་པའི་དགེ་འདུན་པ་དང་དགོན་པར་སྡོད་པའི་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས་ཏེ། དགོན་པའི་ཉིན་རྒྱུན་གྱི་དོ་དམ་གནས་ཚུལ་དྲིས་ཤིང་། དུས་ནམ་ཡང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་གསུམ་དངོས་སུ་ཇེ་དྲག་ཏུ་གཏོང་བ། ཚད་གཞི་བཞི་ལག་ལེན་དུ་བསྟར་ནས། ནམ་ཡང་ཏང་གི་དྲིན་དྲན་པ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་དགོས་ལ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། ཁྲི་ཀ་རྫོང་ཁོངས་ཡོངས་བརྙན་སྦྲེལ་བཀོད་འདོམས་ལྟེ་གནས་དང་ཐུན་ཏེ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ།ཝུའུ་ཞའོ་ཅུན་གྱིས་ས་གནས་ཀྱི་ཁྱད་ལྡན་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ནས།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཞིབ་ཕྲའི་ངང་དམ་འཛིན་ནན་མོ་བྱས་ཏེ།འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པ་ནན་གྱིས་བསྟན།
རྟོག་ཞིབ་བྱེད་སྐབས།ཝུའུ་ཞའོ་ཅུན་གྱིས་ཏང་གི་མགོ་ཁྲིད་དེ་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ།གྲོང་གསེབ་དར་སྤེལ་གྱི་སྣེ་ཁྲིད་མི་སྣ་བཟང་པོ་གདམ་ནས།སྤྱོད་ཚུལ་གསར་པ་དང་སྣང་ཚུལ་གསར་པ།ནུས་པ་གསར་པ་བཅས་ལ་ཁག་ཐེག་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་སྔར་ལས་ལེགས་པར་འདོན་དགོས་པ་ནན་གྱིས་བསྟན།
ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥིན།ལིས་ཀང་བཅས་རྟོག་ཞིབ་ལ་ཞུགས།།