གསེར་མདོག་གི་སྙེ་མ་རྦ་རླབས་བཞིན་འཕྱོ་བའི་མཐོ་སྒང་གི་ལོ་ལེགས།

གསར་འགོད་པ།སྐལ་ལོ།

《 海南报-藏文 》( 2025年09月30日 第 03 版 )

མཐའ་ཡས་པའི་ཀོས་ནན་རྫོང་གི་ཞིང་སའི་སྟེང་དུ་ད་ལོའི་སྟོན་དུས་ཀྱི་ལོ་ལེགས་བསྡུ་བའི་རྣམ་པས་ཡོངས་སུ་ཁེངས་ཤིང་།བརྔ་བསྡུ་འཕྲུལ་ཆས་ལས་ཐོན་པའི་ལོ་ལེགས་ཀྱི་འབྲུ་རྡོག་རེ་རེ་དགོས་འདོད་ཀྱི་ནོར་བུ་བཞིན་ཐང་མར་བརྡལ་དུས་ཡུལ་འདིའི་རོང་འབྲོག་མང་ཚོགས་ཀྱི་གདོང་ལ་དགའ་བའི་འཛུམ་དང་དགོད་པའི་ཉམས་ཀྱིས་ཕྱུག་ཡོད།ཁོད་ཡངས་པའི་གཤིན་ས་བཟང་བོར་འབྲུ་རིགས་སྣ་ལྔའི་འདེབས་འཛུགས་ཀྱི་ལས་ལ་བརྩོན་པའི་དབང་གིས་ད་ལྟ་ཁོ་ཚོར་འཛད་མེད་ཀྱི་ལོ་ལེགས་བྱུང་སྟེ།མཚོ་ངོས་ལས་སྨི3000ཡོད་པའི་མཐོ་སྒང་གི་གནས་མཆོག་འདིར་གསེར་མདོག་གི་སྙེ་མའི་རྦ་རླབས་འཕྱོ་ཞིང་མ་བྲིས་རང་བྱོན་གྱི་མཛེས་སྡུག་གི་རི་མོ་ཞིག་ང་ཚོའི་མཐོང་ལམ་དུ་མངོན་ཡོང་།

ཀོས་ནན་རྫོང་ནི་རང་ཞིང་གི་ཆེས་ཆེ་བའི་སྐྱེ་ལྡན་ནས་འབྲུའི་རྟེན་གཞི་ཞིག་ཡིན་པའི་ཆ་གནས་འཕེལ་རྒྱས་ཀྱི་ལམ་ཁ་བཟང་བོ་ཞིག་བཙལ་ཡོད་ལ།དེང་སྐབས་ནས་ཁྲ་དང་ནས་གོར།ནས་ཕྱེ།ནས་ཐུག་སོགས་ཐོན་རྫས་མང་པོ་ཅང་སུའུ་དང་སི་ཁྲོན།པེ་ཅིང་སོགས་རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་སྤེལ་དང་ཕྱིར་ཚོང་བྱས་ནས་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་ཁར་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

མིག་སྔའི་བར་ཀོས་ནན་རྫོང་གིས་ས་མུའུ་ཁྲི་ཡི་ནས་འབྲུའི་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད་པ་མ་ཟད།ཀོས་ནན་གྱི་ནས་འབྲུ་རྟགས་མ་བརྩོན་ལེན་བྱེད་བཞིན་ཡོད།གྲུབ་འབྲས་འདི་དག་ནི་ཀོས་ནན་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་བཟང་བོར་བརྟེན་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་དང་ལག་ལེན་དངོས་འབེབ་བྱེད་བཞིན་ཡོད།

རང་བྱུང་ཐོན་ཁུངས་ཀྱི་ཆ་རྐྱེན་བཟང་བོ་ནི་ཀོས་ནན་རྫོང་གི་ནས་འབྲུའི་འདེབས་འཛུགས་དང་ཧ་ཅང་འཚམ་པ་མ་ཟད།སྐྱེ་སྟོབས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ཡོད་པས།ཀོས་ནན་རྫོང་གི་ཞིང་སའི་རྒྱ་ཁྱོན་ལ་ས་མུའུ་ཁྲི42.87དང་ནས་འབྲུའི་རྒྱ་ཁྱོན་ལ་ས་མུའུ་ཁྲི24.64བཅས་ཟིན་ཡོད།སྔོན་དཔལ་ལྟར་ན་ད་ལོ་ནས་ཀྱི་ཐོན་ཚད་ཏུན་ཁྲི5.87ལ་བསླེབ་ངེས།མིག་སྔར་ཀོས་ནན་རྫོང་གིས་ས་མུའུ་ཁྲི5.6གི་ལུད་རྫས་ཇེ་ཉུང་དུ་བཏང་ཞིང་།ནས་འབྲུའི་ཐོན་སྐྱེད་དང་ཡོང་འབབ་ལ་ཁག་ཐེག་བཟང་བོ་བྱས་པ་རེད།

ལོ་འདི་འགར། ཀོས་ནན་རྫོང་གིས་ནས་འབྲུའི་འདེབས་འཛུགས་ཀྱི་ཉམས་མྱོང་ཆེན་བཟང་བོར་བརྟེན་ནས་ས་ཞིང་གི་དགེ་མཚན་དང་ཚན་རྩལ་གྱི་ཐབས་ལམ་བཟང་བོ་བེད་སྤྱོད་དང་ཁྱབ་བརྡལ་དུ་གཏོང་བཞིན་ཡོད།ཀོས་ནན་རྫོང་གི་རྣང་ཞིང་གྲུ་བཞིའི་སྟེང་མི་མེད་གནམ་གྲུའི་འདེབས་འཛུགས་ཀྱི་འཕྲུལ་ཆས་དང་རིག་ནུས་ཞིང་ལས་སྟེགས་བུ་སོགས་བཀོལ་སྤྱོད་བྱས་ནས་ཚན་རྩལ་གྱི་ཞིང་ལས་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད། 2014ལོར།ཀོས་ནན་རྫོང་གིས་རྒྱལ་ཁབ་སྐྱེ་ལྡན་དཔེ་སྟོན་ཁུལ་གྱི་དཔང་ཡིག་ལ་བརྟེན་ནས་རྒྱལ་ཡོངས་སུ་ཆེས་ཆེ་བའི་ནས་འབྲུའི་འདེབས་འཛུགས་ཀྱི་རྟེན་གཞིར་གྱུར་ཞིང་།ཐོན་ལས་འཕེལ་རྒྱས་ལ་སྲ་བརྟན་གྱི་རྨང་གཞི་བཏིངས་པ་རེད།

ཞིང་ལ་སྐྱེས་སྟོབས་འབར་ཞིང་འབྲས་བུ་ལེགས་པོ་ཞིག་འབྱུང་ཐུབ་པའི་སྔོན་འགྲོ་ནི་ཁོར་ཡུག་གི་ཆ་རྐྱེན་བཟང་བོ་དགོས་པ་མ་ཟད།ད་དུང་ཚན་རྩལ་དང་འཇོན་ཐང་ལྡན་པའི་མི་ལའང་རག་ལས་པ་ཡིན།ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་མུའུ་ལན་ཡིས་བཤད་རྒྱུར།ད་ལོ་ཀོས་ནན་རྫོང་གིས་ཀན་སུའུ་དང་སི་ཁྲོན་གྱི་ས་བོན་རིགས4པ་དང་།མཚོ་སྔོན་གྱི་ས་བོན་རིགས20བཅས་ནང་འདྲེན་བྱས་ནས་ཐོན་འབྲས་བཟང་བོ་བླངས་པ་མ་ཟད།ཚད་མཐོན་པོའི་སྒོ་ནས་ཀོས་ནན་གྱི་ནས་འབྲུ་རྟགས་མའི་མིང་བྱང་དེ་དྲིལ་སྒྲོག་བཟང་བོ་བྱས་པ་ཡིན་ཟེར།

ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡིས་ནས་ཀྱི་ཐོན་ལས་ལ་གཙིགས་མཐོང་ཆེན་པོ་གནང་ཞིང་། འདེབས་འཛུགས་ཀྱི་འཆར་གཞི་དང་ལག་རྩལ་མཛུབ་སྟོན་ཚོང་རའི་ནང་རྒྱ་ཁྱབ་ཏུ་སྤེལ་བ་མ་ཟད། ཕྱོགས་ཡོངས་ནས་སྐྱེ་ལྡན་ནས་འབྲུའི་ཐོན་ལས་ཀྱི་སྤུས་ཚད་བཟང་བོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་ས་ཆའི་ནས་འབྲུའི་ཐོན་ལས་འདི་ཉིད་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་བསྒྱུར།

ད་ལོར་ཀོས་ནན་རྫོང་གིས་ནས་འབྲུའི་ཐོན་ལས་ཀྱི་དགེ་མཚན་ལ་བརྟེན་ནས་ལས་གཞིའི་མ་དངུལ་བསྡོམས་པས་ཁྲི933བཏང་ཞིང་།དེའི་ནང་ནས་ཀྱི་ཝུ་ཆང་ཐོན་སྐྱེད་ལེགས་བཅོས་དང་།ནས་འབྲུའི་ཐོན་སྐྱེད་ལས་སྣོན་དང་ཞིབ་བཤེར་སོགས་ཀྱི་ལས་གཞིའང་འདུ་བ་རེད།

མུའུ་ལན་གྱིས་བཤད་རྒྱུར། ལས་གཞིའི་འཛུགས་སྐྲུན་ལ་བརྟེན་ནས་ནས་འབྲུའི་ཐོན་རྫས་ཞིབ་ཚགས་ཀྱིས་ལས་སྣོན་བྱེད་པར་མཐོར་འདེགས་དང་སྒྲིག་ཆས་ཀྱི་ཞན་ཆར་བརྟག་དཔྱད་དང་རྙིང་འགྱུར་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་མི་འདང་སའི་ཕྱོགས་སུ་ཁ་གསབ་ཆེན་པོ་བྱས་ཡོད་ཟེར།

མང་ཆུ་གྲོང་རྡལ་ཤ་ར་སྡེ་བའི་འཕོ་འགྱུར་ནི་ཀོས་ནན་རྫོང་གི་ནས་འབྲུའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་བསྡུས་གཟུགས་ཡིན་ལ།སྔོན་ཆད་སྡེ་བ་འདི་སྲོལ་རྒྱུན་གྱི་ཞིང་ལས་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་མོད།དེང་སྐབས་ཤ་ར་སྡེ་བའི་ནས་འབྲུའི་ཐོན་ཚད་དེ་ས་མུའུ་རེར་ནས་རྒྱ་མ1200ཐོན་བཞིན་ཡོད་པས།སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྔར་མེད་པའི་ཐོད་བརྒལ་གསར་པ་བྱུང་ཡོད།

ཤ་ར་སྡེ་བའི་སྡེ་མི་ཁྲེན་ཡུའུ་ལིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར།སྔོན་ཆད་ང་ཚོས་ས་ཞིང་ལ་བརྟེན་ནས་ཁ་གསོ་བཞིན་ཡོད་པས་ཡོང་འབབ་ཀྱང་གཏན་འཇགས་ཤིག་མིན། དེང་སྐབས་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་ནས་བཟུང་།ཞིང་ལས་འཕྲུལ་ཆས་ལ་བརྟེན་ནས་ས་བོན་འདེབས་པ་དང་སྟོན་བསྡུས་ཆོག་པ་མ་ཟད།ཟླ་རེར་ཡང་ངེས་གཏན་གྱི་གླ་ཕོགས་དང་ཁེ་སྤོགས་ཀྱང་ལོན་པས་རང་གི་སྡེ་བ་རུ་དཔལ་འབྱོར་དང་ཡོང་སྒོ་བཙལ་ཆོག་ཟེར།

ཤ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧུ་ཁི་ཧྥེང་གིས་བཤད་རྒྱུར། སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་ཞིང་སར་དོ་དམ་དང་ངལ་རྩོལ་ནུས་ཤུགས་འདོན་སྤེལ་སྒོས་སྡེ་དམངས་རྣམས་ལ་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་གཏོང་དུ་བཅུག་པ་མ་ཟད། 2024ལོར་ཤ་ར་སྡེ་བའི་ཡོང་འབབ་སྒོར་ཁྲི7.3དང་། མི་རེའི་ཡོང་འབབ་སྒོར18091ལ་སླེབས་ནས་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་སྒོ2000ཡིས་ཇེ་མང་ལ་སོང་ཟེར།

དེ་ལས་ཀྱང་དགའ་འོས་པ་ཞིག་ནི་སྡེ་བའི་ཞོར་ལས་བ་རྣམས་ཀྱིས་ས་ཆ་གཞན་པ་དང་ཡང་ན་རང་གི་རྫོང་ཐོག་གམ་ཞིང་ཆེན་ཕྱིའི་ཚོང་གཉེར་གྱི་ཡོང་འབབ་སྒོར་ཁྲི3000ལ་སླེབས་ཡོད།དེ་མིན།སྡེ་བའི་མི་མང་པོ་ཞིག་གིས་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་།ཟི་ལིང་སོགས་སུ་ཁང་བ་ཉོས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

མིག་སྔར།ཀོས་ནན་རྫོང་གི་ནས་ཀྱི་ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད་ལ།ཤ་ར་སྡེ་བ་དང་མདའ་གཞུ་གོང་མ་སྡེ་བ།རབ་རྒན་སྡེ་བ་བཅས་སུ་འབྲུ་མཛོད་ལས་ཤིང་།རྒྱུ་སྤུས་བཟང་བོའི་ཐོན་སྐྱེད་རྟེན་གཞི་ཡི་མ་རྩ་ཇེ་དམར་ཆགས་ཤིང་།ངལ་རྩོལ་ནུས་ཤུགས་ཇེ་ཉུང་དུ་གྱུར་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་གྱུར་ཡོད།

མུའུ་ལན་གྱིས་བཤད་རྒྱུར།ནས་འབྲུའི་ཐོན་ལས་མུ་མཐུད་དུ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་བཏང་ཞིང་།ཀོས་ནན་རྫོང་གིས་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གྱི་ལམ་ཁ་མངོན་འགྱུར་བྱེད་བཞིན་ཡོད།གཅིག་ནས་ཞིང་ལས་ཐོན་རྫས་མཐོར་འདེགས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད་ལ།མཐོ་སྒང་ས་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ལ་ཉམས་མྱོང་ཆེན་པོ་བསགས་ཡོད་ཟེར།

ད་ལོར།ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡིས་ཚོང་ལས་བདག་གཉེར་དང་ཞིང་བའི་ཐོན་རྫས་ལས་སྣོན་ལ་སྣེ་ཁྲིད་དེ་མཚོ་ལྷོ་ཁུལ་གྱི་སྤུས་རྟགས་ཐོན་རྫས་བེད་སྤྱོད་དང་ལེགས་བཅོས་བཟང་བོ་བྱས་ཡོད།ཀོས་ནན་རྫོང་གིས་མུ་མཐུད་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དམ་པོར་བཟུང་ནས་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར།རིག་གནས་སྣ་མང་གཏིང་ཟབ་སྒོས་ནས་ཀྱི་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་ཤིང་དུ་བཟུང་སྟེ།རྒྱ་ཆེའི་མང་ཚོགས་ལ་གྲུབ་འབྲས་ལོངས་སྤྱོད་དང་ཐོན་ལས་འཕེལ་རྒྱས།འཚོ་བ་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་བཞིན་ཡོད།