རང་ཁུལ་གྱིས་སྟོང་འདུས་སྐོར་བྲོའི་འཁྲབ་སྟོན་གཟབ་རྒྱང་ངང་འཚོགས་པ།

《 海南报-藏文 》( 2025年08月13日 第 03 版 )

རང་ཚགས་པར་གྱི་འཕྲིན།ཟླ8པའི་ཚེས9ཉིན་གྱི་དགོང་མོར།ལུས་ཀྱི་ལྡེམ་མྱུར་དང་གར་གྱི་སྟངས་སྟབས་ལས་མི་རིགས་ཤིག་གི་ཁྱད་ཆོས་མངོན་པའི་སྟོང་འདུས་སྐོར་བྲོའི་འཁྲབ་སྟོན་དེ་མཚོ་ལྷོ་ཁུལ་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།རང་ཁུལ་གྱི་རྫོང་ཁག་ལྔ་དང་སྡེ་ཁུལ་སོ་སོ་ནས་ཡོང་བའི་འཁྲབ་སྟོན་རུ་ཁག15གནས་མཆོག་འདིར་འཛོམས་ཏེ། མི་རིགས་མཐུན་སྒྲིལ་དང་རིག་གནས་དར་སྤེལ་གྱི་ཡང་སྙིང་མཚོན་པའི་དགྱེས་སྟོན་ཆེན་མོ་ཞིག་ཀུན་གྱི་སྤྱན་སྔར་བཀྲམས་པ་རེད།

དབྱངས་ཀྱི་ཟིལ་བ་འཐོར། གར་གྱི་སྟངས་སྟབས་བསྒྱུར།བྲོ་མཁན་རྣམས་ཀྱིས་དཔུང་བ་མཉམ་དུ་གཤིབ། སྟངས་སྟབས་ཤུགས་ཀྱིས་བསྒྱུར།ཉམས་འགྱུར་ལྷོད་ཀྱིས་མངོན།ལོ་ན་རྒན་གཞོན་མེད་པར་རོལ་དབྱངས་ཀྱི་འགྱུར་ཁུགས་དང་བསྟུན་ནས་ལུས་ཀྱི་ལྡེམ་མྱུར་ལས་གར་གྱི་སྟངས་སྟབས་བསྒྱུར་ཏེ།ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་ལུས་སེམས་ཡོངས་རིག་གནས་ཀྱི་དགྱེས་སྟོན་ཆེན་མོ་འདིས་བཟི་རུ་བཅུག

སྐོར་བྲོ་ནི་སྲོལ་རྒྱུན་གྱི་དམངས་ཁྲོད་ཞབས་བྲོའི་ཚབ་མཚོན་རང་བཞིན་ཡིན་པའི་ཆ་ནས།གནའ་ནས་བཟུང་སྒྱུ་རྩལ་རང་ངོས་ནས་བརྒལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།སྐོར་བྲོའི་རིག་གནས་འདིས་རིགས་སོ་སོའི་མང་ཚོགས་ཡོངས་ཀྱི་བློ་ཐག་ཇེ་ཉེ་རུ་བཏང་ཡོད་ལ།སྤྲོ་སྐྱིད་ཀྱི་དགྱེས་འཛོམས་ལས་མཛའ་བརྩེ་ཡི་འབྲེལ་བ་ཇེ་དམ་དུ་བཏང་བར་མ་ཟད།མེ་ཕུང་གི་འོད་སྣང་ལས་རིག་གནས་ཤིག་གི་བཀྲག་མདངས་མངོན་ཡོད། རིག་གནས་ཀྱི་དགྱེས་སྟོན་ཆེན་མོ་འདི་ནི་མིག་གི་དགའ་སྟོན་ཞིག་ཡིན་ལ།རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་དངོས་ཞིག་ཀྱང་ཡིན།

ཉེ་བའི་ལོ་ཤས་རིང་།མཚོ་ལྷོ་ཁུལ་གྱིས་སྐོར་བྲོ་སོགས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ལུས་རྩལ་རིག་གནས་དེ་དུས་ཆེན་གྱི་བྱ་འགུལ་དང་གྲོང་གསེབ་ཡུལ་སྐོར་ལ་མཉམ་འདྲེས་ཡོང་བར་བྱས་ཏེ།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་བཏང་སྟེ།སྲོལ་རྒྱུན་གྱི་སྒྱུ་རྩལ་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།ཐེངས་འདིའི་སྟོང་འདུས་སྐོར་བྲོ་འཁྲབ་སྟོན་བྱས་པ་བརྒྱུད་དེ།ཁྱོན་ཡོངས་ནས་མཚོ་ལྷོ་ཁུལ་གྱི་མི་རིགས་རིག་གནས་དང་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་དངོས་མཚོན་ཡོད་པར་མ་ཟད།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྒུལ་ཤུགས་གསར་བ་ཞིག་བསྣན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་གསོན་ཤུགས་ཀྱང་བསྣན་ཡོད།

སྟོང་འདུས་སྐོར་བྲོའི་འཁྲབ་སྟོན་ལས་མཚོ་ལྷོ་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཁྱིམ་གཞིས་གཅིག་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་དུང་དང་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་བསྐྲུན་པར་འགྱུར་མེད་ཀྱི་ཡིད་ཆེས་བརྟན་པོ་བཙུགས་ཏེ།མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ས་ཆེན་སྟེང་རྣམ་པར་བཞད་དུ་བཅུག་པ་རེད།