ཟླ་འོད་འོག་གི་ཆུང་འདྲིས།

བན་ཤུལ་དཔལ་ལོ།༼མཚོ་ལྷོ།༽

《 海南报-藏文 》( 2025年07月02日 第 04 版 )

ལོ་ན་སོ་གཞོན་པའི་སྣང་བ་མེ་ཏོག་འདྲ་བོ།།

ཡུལ་གངས་རིའི་འདབས་ཀྱི་ཕ་སའི་སྤང་ནས་བཞད་པའི།།

ངའི་སྙིང་མཐུན་སྙིང་གི་རྩེད་ཡ་ན་ཆུང་བུ་མོ།།

དུས་ད་ལྟ་གནས་ཡུལ་གང་ན་བདེ་བར་གནས་སམ།།

རྟ་ནོར་ལུག་ཕྱུགས་ཀྱི་འདབ་མ་རི་ལ་འཁྱུད་དུས།།

རྫ་གཅིག་གི་ཉག་གའི་ཉིན་སྲིབ་རྫི་གླུས་དཀྲོགས་བཞིན།།

ལག་འུར་ཆའི་ཐག་སྒྲ་རི་ལུང་བྲག་ཅར་བསྐུར་བའི།།

རོགས་འུ་གཉིས་འགྲོགས་ཤིག་བཟུང་བ་དྲན་ཤིང་ཨེ་རེད།།

གོས་རྩ་ཆེན་ཕྲུག་གི་ཐེར་མ་ལུས་ལ་གསོལ་ཡོད།།

གསེར་ཀ་བུའུ་གཡུ་བྱུར་རྒྱན་ཆ་མགུལ་ལ་དཔྱངས་ཡོད།།

ལག་སོར་གདུབ་མཛུབ་དཀྲིས་མཁྲིག་མས་ཕྱག་སོར་མཛེས་ཡོད།།

ན་མེ་ཏོག་སེར་ཆེན་འདྲ་བའི་སྐྲ་མདུད་དབུ་ལ་བཙུགས་ཡོད།།

ངག་ཁུ་བྱུག་འདྲ་བའི་ལ་གཞས་ལེན་བཞིན་ང་ལ་ཕྱོགས་ཡོང་།།

ཞལ་དུང་ཟླ་འདྲ་ཞིག་ངོམ་བཞིན་སྐྱེངས་བའི་ཚུལ་གྱིས་འཕྲད་ན།

ངས་སྡེ་ཆེནགྲོང་ནས་འཛུམ་ཆུང་གྱི་ལེར་བསུ་འདོད།།

རོགས་ཐུག་པའི་བསྐལ་བ་ཆ་འགྲིག་ཡོང་བས་སྤྲོ་སོང་།།

དུས་དོ་ནུབ་ནམ་མཁའ་ཡར་ལ་གཟིགས་ནས་བལྟས་ཚེ།།

དགུང་ཟླ་འོད་ཟེར་མས་རི་གྲོང་བརྒྱན་པ་ཡག་སོང་།།

མར་བལྟས་ན་ཞེ་མཐུན་ཟུང་གི་མཇལ་འཛོམས་དུས་ཆད།།

སེམས་མཛའ་མཐུན་འོ་མའི་སྤྲི་གསར་ཆགས་འདྲ་རེད་ཨང་།།

སྡེ་བན་ཤུལ་སྟོད་ཀྱི་ཡིད་འཕྲོག་གཤིས་བཟང་བུ་མོ།།

ཁྱེད་མཐོང་བ་འདྲེན་བྱེད་ཟུང་གི་བསོད་ནམས་རྟེན་ཡིན།།

ཁ་ཚིག་གསུམ་བཤད་པ་ཡ་ཆུང་སེམས་ཀྱི་སྨྲེང་རེད།།

བྲལ་སོང་ནོ་སྙིང་ཆུང་ཚལ་བར་གཤགས་པའི་ཡན་རེད།།

ས་སྡེ་ཆེན་རོགས་བརྒྱ་རྩེད་སའི་གུར་ཁང་ནང་རེད།།

འདིའི་ནང་ལུང་བར་ནས་རོགས་ཁྱོད་མིག་གི་ལེན་རེད།།

རས་མགོ་དཀྲིས་འོག་གི་སྨིན་མཚམས་འགུལ་བའི་ཟུར་མིག།

ཕོ་གཞན་ལ་མ་གཏད་བདག་གི་ཕྱོགས་སུ་འཕངས་སོང་།།

ཁ་ཕར་འཁོར་སྐྱེ་ལུས་ཚིགས་དྲུག་སྨྱུག་མ་འདྲ་ལེ།།

ཁ་ཚུར་འཁོར་མིག་ཟུང་རྒྱུ་སྐར་ཆ་མ་འདྲ་ཡོད།།

སྐྲ་ལན་བུ་ནག་པོ་རྒྱ་ལྕང་ལོ་མ་འདྲ་ལེ།།

སོ་སུམ་ཅུའི་འཛུམ་མདངས་གསེར་གྱི་ཉི་མ་འདྲ་ཡོད།།

རོགས་མ་ཐུག་དྲན་པའི་ནང་འཁོར་སྐྱོ་བས་བཅུམས་ཡོད།།

གསུང་མ་གོ་དབང་བོའི་སྣང་ཡུལ་མིག་ཆུས་བརླན་ཡོད།།

ཁྱིམ་གཅིག་ལ་འཛོམས་སྐལ་མེད་པས་མི་རྐྱང་འཚོ་བ།།

མར་ངོས་ཀྱི་ཟླ་བཞིན་མག་མོག་སྐྱོ་བས་གཟིར་ཡོད།།

མགོ་སྔས་ཐོག་གཅིག་གི་རྨི་ལམ་ཁྲོད་ནས་མཐུན་ཞིང་།།

ལུས་གདན་ཐོག་གཅིག་གི་སྙིང་གཏམ་གླེང་སའི་རོགས་ལོ།།

དོན་ཚིག་གི་ཕྲེང་བའི་སྙན་ངག་བསྡུས་བརྗོད་འདི་ཀོ།།

རྒྱང་རིང་བའི་སེམས་ཀྱི་མཛའ་མོའི་སྙན་དུ་བསྒྲོན་ནོ།།