ལུའོ་ཏུང་ཁྲོན་གྱིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་བརྒྱུད་ནས་ལྟ་སྐུལ་རྟོག་ཞིབ་བྱས་པ།

《 海南报-藏文 》( 2025年06月11日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ6པའི་ཚེས5ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གུང་ཧོ་རྫོང་དུ་ཡོང་ནས།མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་བརྒྱུད་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས་པ་དང་།ཡུལ་དངོས་སུ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས།ཁོས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱས་ཏེ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས།ཡུལ་སྐོར་པ་གཙོར་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ།རྒྱལ་སྤྱིའི་རྩེ་གྲར་དཔེ་ལྟ་བྱེད་པ་དང་།ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། སྒྲིག་ཆས་ཀྱི་ཞན་ཆ་གསབ་པ།ཡུལ་སྐོར་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་དཀའ་གནད་ཐག་གཅོད་བཅས་བྱས་ཏེ།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་གསར་འཛུགས་ལ་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་མིག་དཔེ་ཅན་དུ་དར་སྤེལ་གཏོང་དགོས་ཞེས་བསྟན།

ལུའོ་ཏུང་ཁྲོན་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་རླངས་འཁོར་ཁྲལ་བསྡུ་ས་ཚིགས་སུ་སོང་ནས།གནས་དེའི་རླངས་འཁོར་རྒྱུག་ཚད་ཅི་འདྲ་ཡིན་པ་དང་།ཡུལ་སྐོར་པ་མང་པོའི་སྐབས་སུ་བགྲོད་ལམ་གེགས་མེད་ཡོང་བར་འགན་ལེན་བྱེད་ཐུབ་བམ་ཞེས་དྲིས།ཁོས་ཡུལ་དངོས་སུ་མཚོ་སྐོར་ཡུལ་སྐོར་གཞུང་ལམ་འཆར་འགོད་དང་།འཛུགས་སྐྲུན་གཉེར་སྐྱོང་།ཞབས་ཞུའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་བླང་བྱ་ལྟར།མཚོ་སྐོར་ས་ཁོངས་ཀྱི་འགྲིམ་འགྲུལ་ལམ་དྲའི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། རིག་ནུས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།ཧུར་ཐག་གིས་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་གཞུང་ལམ་བསྐྲུན་རྒྱུའི་ཐད་རེ་བ་བཏོན།ལུག་ལའི་མདོ་དང་།ནུ་ལྕེ།ལྷོ་རི།པཎ་ཆེན་ལབ་ཙེ།དུང་དཀར་སོགས་མཛེས་ལྗོངས་ཁུལ་དང་མཚོ་སྔོན་པོའི་མཚོ་གཟིགས་རྒྱལ་སྤྱིའི་གསོལ་མགྲོན་ཁང་བཅས་སུ་ལུའོ་ཏུང་ཁྲོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། འགྲོ་འདུག་སྤྱོད་གསུམ་དང་ཡུལ་སྐོར།དངོས་རྫས་ཉོ་བ།རོལ་རྩེད་སོགས་ཞབས་ཞུའི་སྒྲིག་བཀོད་དང་དེ་མིན་སྤྱི་པའི་གསང་སྤྱོད་ཁང་བཀོད་སྒྲིག་དང་།སྐྱེལ་འདྲེན་བདག་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་།མཛེས་ལྗོངས་ཁུལ་གྱི་འགན་ཁུར་བ་དང་།ཡུལ་སྐོར་ཚོང་གཉེར་ཁྱིམ་ཚང་།རོང་འབྲོག་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས།ཡུལ་སྐོར་པའི་བསམ་འཆར་དྲིས་པ་དང་།ཡུལ་དངོས་སུ་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས།

རྟོག་ཞིབ་ཁྲོད།ལུའོ་ཏུང་ཁྲོན་གྱིས་དུས་ནམ་ཡང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་།མཚོ་སྔོན་པོའི་སྐྱེ་ཁམས་རིན་ཐང་དང་ཡུལ་སྐོར་རིན་ཐང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དམིགས་འབེན་དུ་བྱས་ནས།ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་མཛེས་ལྗོངས་ཁུལ་ཚང་མར་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལྟ་བའི་དྲིལ་སྒྲོག་སློབ་གསོའི་གཡུལ་ས་བསྐྲུན་ནས། མཐོ་སྒང་གི་གཡུ་མཚོར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཀྱི་མཛེས་ལྗོངས་མངོན་དུ་འཇུག་དགོས།འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས།རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།ཞིང་འབྲེལ་ཞིང་ཁྲིད་གཏིང་ཟབ་ཏུ་གཏོང་བ།རང་བྱུང་ལྟ་སྐོར་དང་སྐྱེ་ཁམས་སློབ་གསོ།རིག་གནས་ཉམས་མྱོང་།ཚན་རིག་ཁྱབ་གདལ་དང་སློབ་སྦྱོང་ཞིབ་འཇུགཕྱི་རོལ་འགུལ་སྐྱོད་སོགས་ཀྱི་ནུས་པ་གཞི་གཅིག་ཅན་གྱི་མཐོ་སྒང་གི་མཚེའུ་ཡི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་བསྐྲུན་ནས།དུས་ཚིགས་ཡོངས་དང་ས་ཁོངས་ཡོངས། དུས་ཡོངས་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་དཔེ་སྟོན་ཁུལ་བསྐྲུན་དགོས།བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་བ་དང་ཕྱོགས་སོ་སོའི་འགན་འཁྲི་ནན་མོ་བྱེད་པ།བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།ཕྱོགས་ཡོངས་ནས་རོལ་རྩེད་སྒྲིག་ཆས་དང་།མཛེས་ལྗོངས་ཁུལ་གྱི་མེ་ཟོན། ཟས་རིགས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་བྱུར་རྐྱེན་སེལ་ནས། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་དང་འཁོར་སྐྱོད་ལ་ཁག་ཐེག་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་། སྡེ་ཁག་མཉམ་འབྲེལ།ས་ཁོངས་མཐུན་སྦྱོར།སྤྱི་ཚོགས་ཟབ་ཞུགས་བཅས་ཀྱི་གསར་སྐྲུན་རྣམ་པ་འཛུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཅི་ཝེ་བྱ་འགུལ་ལ་ཞུགས།།