འབྲུ་རིགས་མཛོད་ལ་ཉར།དམངས་སེམས་བདེ་ལ་བཀོད།

གསར་འགོད་པ།དོན་འགྲུབ་སྒྲོལ་མ།བུ་མོ་མཆོགསངས་རྒྱས་ཚེ་བརྟན།

《 海南报-藏文 》( 2024年12月11日 第 02 版 )

འབྲུ་མཛོད་བཀང་ན་གནམ་འོག་བདེ། ལོ་འདི་འགའི་རིང་ལ།མཚོ་ལྷོ་ཁུལ་འབྲུ་རིགས་གསོག་འཇོག་སྡེ་ཁག་གིས་འབྲུ་རིགས་གསོག་འཇོག་དོ་དམ་བྱེད་པའི་བྱ་བར་ཤུགས་སྣོན་བྱས་ཏེ།ཕྱོགས་གཅིག་ནས་འབྲུ་རིགས་གསོག་འཇོག་ལྟ་སྐུལ་དོ་དམ་དམ་འཛིན་བྱེད་པ་དང་།གཉིས་ནས་འབྲུ་རིགས་གསོག་འཇོག་དང་གསོག་ཉར་དོ་དམ་དམ་འཛིན་བྱས་ནས།ལྟ་སྐུལ་དང་གསོག་ཉར་གྱི་དོ་དམ་ལམ་ལུགས་སོ་སོ་ལག་བསྟར་དོན་འཁྱོལ་བྱས་ཏེ།ཉོ་སྒྲུབ་བྱས་པའི་གྲངས་འབོར་ངོ་མ་ཡིན་པ་དང་སྤུས་ཀ་ལེགས་པོ་ཡིན་པར་འགན་ལེན་བྱས་ཤིང་།ལོ་རེར་བརྗེ་སོར་དང་གསོག་ཉར་བདེ་འཇགས་ཡོང་བར་བྱེད་པ།ཚོང་རའི་ཕྱིར་འཚོང་ཁྲིམས་མཐུན་དང་གོ་རིམ་ཚད་ལྡན་ཡོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་འབྲུ་མཛོད་བཀང་ཐུབ་པར་འགན་ལེན་བྱས།

ཟླ11པའི་ཚེས27ཉིན།གསར་འགོད་པ་ཁུལ་འབྲུ་རིགས་གསོག་འཇོག་འགན་ལེན་ཚད་ཡོད་འགན་འཁྲི་ཀུང་ཟི་མཁར་བྱང་མཛོད་ཁུལ་དུ་ཡོང་བ་ན།མཛོད་ཁུལ་གྱི་ལམ་དུ་ས་རྡུལ་ཕྲན་ཙམ་ཡང་མེད་པར་གཙང་ཞིང་གྲལ་དག་པར་ཡོད་ལ། མཐོ་ཞིང་ཆེ་བའི་རིག་ནུས་ཅན་གྱི་ཁང་པ4གྲལ་བསྟར་བསྒྲིགས་པ་དེ་བརྗིད་ཉམས་མངོན་པར་བྱས་ཡོད།

ཀུང་ཟིའི་སྤྱི་གཉེར་བ་ཀྲང་ཞིའུ་པིང་གིས་ད་ལྟ་ཀུང་ཟིར་མཛོད་ཁུལ་གསུམ་ཡོད་པ་དང་གསོག་ཉར་རྒྱ་ཁྱོན་ཡང་ཇེ་ཆེར་སོང་ནས་གསོག་ཉར་བྱེད་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་ཕྱིན་ཡོད་ལ།བྱང་ཕྱོགས་ཀྱི་མཛོད་ཁུལ་བཅོས་སྒྱུར་སྒོ་འབྱེད་སྔོན་ལ་བསྐྲུན་པ་དང་།ཁང་པ་གཅིག་དང་དགོན་པའི་འབྲུ་མཛོད་ཁང་གཅིག་ཡོད། ཁྲང་ཧྥུན་ལམ་མཛོད་ཁུལ2012ལོར་བསྐྲུན་ཞིང་དེར་ཚད་ལྡན་གྱི་ཁང་པ་གཅིག་ཡོད།མཁར་བྱང་མཛོད་ཁུལ་གཙོ་བོར་སའི་རྒྱ་ཁྱོན་སྤྱི་ཆང3.2ཡོད་ལ།མཛོད་དེར་ཏུན5000ཤོང་ཐུབ་པའི་རིག་ནུས་མཛོད་ཁང4དང་།འཕྲལ་སྡོམ་ཐོན་རྫས་མཛོད་ཁང་ཏུན3000ཡོད་ཅེས་མཚམས་སྦྱོར་བྱས།

འབྲུ་རིགས་གསོག་འཇོག་གཙོ་གཉེར་སྡེ་ཁག་གིས་འབྲུ་རིགས་གསོག་འཇོག་གི་འབྲེལ་ཡོད་སྲིད་ཇུས་ཆད་ལུས་མེད་པར་ལག་བསྟར་བྱེད་པ་དང་།གསོག་འཇོག་ཁེ་ལས་ཀྱིས་གསོག་འཇོག་ལས་འགན་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་པ།རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས།འབྲུ་རིགས་ཁྲོམ་རའི་མཁོ་སྤྲོད་སྙོམས་སྒྲིག་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ཆེད་བཀོལ་སྤྱོད་ཀྱི་གྲ་སྒྲིག་བྱ་བ་སྔོན་ལ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།འབྲུ་རིགས་གསོག་འཇོག་འདང་ངེས་འགན་ལེན་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད།

རྒྱུས་ལོན་པ་ལྟར་ན།ཀུང་ཟིས་ད་ལྟ་ཞིང་ཆེན་རིམ་པར་གྲབས་གསོག་བྱས་པའི་ནས་ཏུན10000དང་།ཁུལ་རིམ་པར་གྲབས་གསོག་བྱས་པའི་གྲོ་ཏུན་2700དང་།ཁུལ་རིམ་པའི་འཕྲལ་སྡོམ་ཐོན་རྫས་ཀྱི་འབྲུ་རིགས་ཏུན2010།རྫོང་རིམ་པའི་འཕྲལ་སྡོམ་ཐོན་རྫས་ཀྱི་འབྲུ་རིགས་ཏུན346བཅས་གསོག་ཉར་བྱས་ཡོད།ཀུང་ཟིས་ཁུལ་ཡོངས་ཀྱི་འབྲུ་རིགས་ཕྱེད་ཀ་གསོག་འཇོག་བྱས་ཡོད་པ་དང་།ཉིན10ཡི་འཕྲལ་སྡོམ་ཐོན་རྫས་གསོག་འཇོག་བྱས་པའི་འབྲུ་སྣུམ་གྱི81.7%དང་རྫོང་རིམ་པའི་ཉིན5ཡི་འཕྲལ་སྡོམ་ཐོན་རྫས་འབྲུ་སྣུམ་གསོག་འཇོག་གི་འགན་འཁུར་ཡོད་ལ།མིག་སྔར།ང་ཚོས་དོན་འཁྱོལ་བྱས་པའི་འབྲུ་རིགས་གསོག་འཇོག་བྱེད་གྲངས་ཀྱིས་གློ་བུར་དུ་བྱུང་བའི་གནས་ཚུལ་ཁག་ཅིག་ལ་ཁ་གཏད་ཐུབ་ངེས་ཡིན་ལ།ཉིན་ལྟར་འབྲུ་རིགས་འབོར་ཆེན་གསོག་འཇོག་བྱེད་བཞིན་ཡོད་པས་ངའི་སེམས་ཧ་ཅང་སྐྱིད་པོ་འདུག་ཅེས་ཀྲང་ཞིའུ་པིང་གིས་འཛུམ་མདངས་དང་བཅས་བཤད།

འབྲུ་རིགས་གྲབས་གསོག་ཐད་གསོག་ཉར་ནི་གོམ་པ་དང་པོ་ཡིན་ལ་འགག་རྩའི་གོ་རིམ་ཞིག་ཀྱང་ཡིན།ཀུང་ཟིས་གྲབས་གསོག་བྱས་པའི་འབྲུ་རིགས་ཀྱི་སྤུས་ཚད་ཚད་གཞི་དང་ཐོན་ཡུལ།གྲངས་འབོར་སོགས་ཀྱི་རེ་བ་ལྟར་མཚོ་སྔོན་ཞིང་ཆེན་འབྲུ་རིགས་ཉོ་འཚོང་ལྟེ་གནས་ལ་མཁོ་འདོན་བྱས་ཏེ།སུས་འཇོན་དེ་འགུག་བརྒྱུད་སྔོན་གྱི་འབྲུ་རིགས་མཛོད་འཇུག་ཉོ་སྒྲུབ་བྱ་དགོས་ཤིང་།འབྲུ་རིགས་དེ་ངེས་པར་དུ་ཉེ་སྔོན་གྱི་འབྲུ་རིགས་ཐོན་སྐྱེད་དུས་ཚིགས་སུ་ཐོན་སྐྱེད་བྱས་པའི་འབྲུ་རིགས་གསར་པ་ཡིན་དགོས་པ་དང་།ལས་སྣོན་བྱས་པའི་འབྲུ་རིགས་དང་བཟའ་སྣུམ་ནི་ངེས་པར་དུ་ཉེ་སྔོན་ལས་སྣོན་བྱས་པའི་ཐོན་རྫས་ཡིན་དགོས།བཟའ་ཆས་ཉེན་མེད་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་དང་།ཐུམ་སྒྲིལ་ཚད་འཇལ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་བླང་བྱ་དང་མཐུན་དགོས།ཞིབ་དཔྱད་པས་ཚད་གཞིར་ནན་མོར་གཞིགས་ནས་མཛོད་འཇུག་འབྲུ་རིགས་ཀྱི་འཁོར་རིགས་རེ་རེ་བཞིན་ཞིབ་བཤེར་བྱས་ནས་ཞིབ་དཔྱད་སྙན་ཞུ་བཟོས་ཏེ་སྡེ་ཁག་གི་འགན་ཁུར་བས་ཞིབ་དཔྱད་བྱས་རྗེས་གཞི་ནས་མཛོད་འཇུག་བྱས་ཆོག

གཟའ་འཁོར་རེའི་གཟའ་ལྷག་པ་ནི་མཁར་བྱང་མཛོད་ཁུལ་གྱི་དོ་དམ་པ་སུང་ཧྭ་ཀྲུང་གིས་འབྲུ་རིགས་གསོག་འཇོག་བྱས་ཚུལ་ལ་ཞིབ་བཤེར་བྱེད་པའི་ཉིན་མོ་ཡིན་ལ། སུང་ཧྭ་ཀྲུང་འབྲུ་མཛོད་དུ་སླེབས་རྗེས་རྟག་ཏུ་དབུགས་རིང་ཞིག་འཐེན་བཞིན་ཡོད།འབྲུ་རིགས་ཉར་ཚགས་ཡག་པོ་བྱས་ཡོད་མེད་དྲི་མ་ལས་གསལ་བཤད་བྱེད་ཐུབ་ལ།ངས་སྣོམ་པ་ཙམ་གྱིས་ཤེས་ཐུབ་ཟེར། སུང་ཧྭ་ཀྲུང་གིས་འབྲུ་མཛོད་ལ་དོ་དམ་ལོ་མང་བྱས་པས་ཁོར་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན།

འབྲུ་རིགས་ཉོ་སྒྲུབ་ཀྱི་ལས་ཆོད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཆེད།མཚོ་ལྷོ་ཁུལ་འབྲུ་རིགས་གསོག་ཉར་འགན་འཁྲི་ཚད་ཡོད་ཀུང་ཟིས་དུས་མགོར་གཅིག་སྡུད་གསོ་སྦྱོང་བྱས་ནས།ལས་བཟོ་ཆ་འཕྲིན་ཅན་གྱི་དོ་དམ་ལས་སྟེགས་བརྒྱུད་མཛོད་འཇུག་ཐོ་འགོད་བྱེད་པ་ནས་མཛོད་འཇུག་རྩིས་སྤྲོད་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཆ་འཕྲིན་ཅན་བཀོལ་སྤྱོད་བྱས་ཡོད་པས།ལས་ཆོད་ཆེ་རུ་བཏང་བ་དང་དུས་མཚུངས་སུ་མིའི་ཐབས་ལ་བརྟེན་ནས་བཀོལ་སྤྱོད་བྱེད་པར་ལས་འཛོལ་ཤོར་ཚད་ཇེ་ཉུང་དུ་བཏང་སྟེ།འབྲུ་རིགས་མཛོད་འཇུག་གི་ཆ་འཕྲིན་ཡོངས་བསྒྲགས་དང་ཁ་གསལ་ཡོང་བར་འགན་ལེན་བྱས་ཡོད།

ཀྲང་ཞིའུ་པིང་གིས་འབྲུ་མཛོད་ནང་བརྙན་མིག་བཙུགས་ཡོད་པས།འབྲུ་རིགས་གསོག་ཉར་ས་ཁོངས་དང་མཛོད་འཇུག་ལས་སྒྲུབ་སོགས་བྱ་བའི་ནང་དོན་ལ་ཕྱོགས་ཡོངས་ནས་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་ཐུབ་ཀྱིན་ཡོད་པར་མ་ཟད།འབྲུ་གསོག་བདེ་འཇགས་འགན་ལེན་བྱས་ཡོད།མཛོད་འཇུག་བརྒྱུད་རིམ་ཚད་ལྡན་བཟོས་ཏེ་རླངས་འཁོར་གྱི་ཆ་འཕྲིན་དང་ཞིབ་བཤེར་བྱས་པའི་གཞི་གྲངས་ཚང་མ་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་པ་དང་མཛོད་འཇུག་ཆ་འཕྲིན་ཚང་མ་ཡིག་ཚགས་སུ་ཉར་ནས།ཕྱིས་སུ་རྩ་བ་ཁུངས་འདེད་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།

གསོག་འཇོག་མཛོད་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་དོ་དམ་ཁྲོད་ཚན་རྩལ་གྱི་སྟོབས་ཤུགས་ཀྱང་གང་སར་ཐོན་ཡོད་ལ།མཁར་བྱང་མཛོད་ཁུལ་དུ་སྔོན་ཐོན་གྱི་རིག་ནུས་ཅན་གྱི་མཛོད་ཉར་དོ་དམ་མ་ལག་སྒྲིག་སྦྱོར་བྱས་ཡོད་པ་དང་འབྲུ་མཛོད་དུ་གློག་རྡུལ་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས170བརྒྱུད་ནས་འབྲུ་རིགས་ཀྱི་དྲོད་ཚད་དང་བརླན་ཚད། འབུའི་གནོད་འཚེ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་ཐུབ་པར་མ་ཟད།གཞི་གྲངས་རང་འགུལ་ངང་ཀྲུང་དབྱང་ཚོད་འཛིན་ཁང་གི་གློག་ཀླད་ཐོག་སྐྱེལ་བཞིན་ཡོད།འབྲུ་རིགས་ཀྱི་གནས་ཚུལ་རྒྱུན་གཏན་དང་མི་འདྲ་བ་ཐོན་ཚེ་མ་ལག་གིས་འཕྲལ་དུ་ཉེན་བརྡ་གཏོང་བ་དང་ལས་བྱེད་མི་སྣས་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་ཐུབ།གལ་ཏེ་མཛོད་ཁང་ག་གེ་མོའི་ནང་གི་འབྲུ་རིགས་ཀྱི་དྲོད་ཚད་ཅུང་མཐོ་རུ་ཕྱིན་ཚེ་མ་ལག་གིས་རང་འགུལ་ངང་རླུང་འཁོར་སྒྲིག་ཆས་སྤྱད་དེ་མཛོད་ཁང་ནང་གི་དྲོད་ཚད་ལེགས་སྒྲིག་བྱས་ནས། འབྲུ་རིགས་གསོག་ཉར་གྱི་རྣམ་པ་ཇེ་ལེགས་སུ་འགྲོ་བར་འགན་ལེན་བྱ་ཐུབ།

འབྲུ་རིགས་གསོག་འཇོག་བྱེད་རྒྱུ་ནི་འབྲུ་རིགས་གསོག་འཇོག་བྱས་རྗེས་ལས་ཀ་ཚར་བ་ཞིག་མ་ཡིན་པར་རྙིང་ཚབ་གསར་བརྗེ་ལས་ཀ་ཡང་གལ་ཆེན་པོ་ཡིན།རྙིང་ཚབ་གསར་བརྗེ་ཞེས་པ་ནི་འབྲུ་རིགས་གྲབས་གསོག་དོ་དམ་བྱེད་སྐབས་འབྲུ་རིགས་གསར་པས་མཛོད་ཉར་འབྲུ་རིགས་རྙིང་པའི་ཚབ་བྱེད་པའི་བརྒྱུད་རིམ་ལ་ཟེར།ཀུང་ཟིས་ཞིང་ཆེན་དང་ཁུལ་གྱི་འབྲུ་རིགས་གྲབས་གསོག་དོ་དམ་བྱ་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས།ལོ་ལྔ་རེར་ཚན་རིག་དང་མཐུན་པའི་སྒོ་ནས་རྙིང་ཚབ་གསར་བརྗེའི་འཆར་གཞི་བཟོ་དགོས།མཚོ་སྔོན་ཞིང་ཆེན་འབྲུ་རིགས་ཉོ་འཚོང་ལྟེ་གནས་ཀྱིས་སྒོ་བྱང་བཀལ་རྗེས་ཉོ་འཚོང་བྱས་པ་བརྒྱུད་འབྲུ་རིགས་གྲབས་གསོག་ཁྲོམ་རར་བཏོན་པ་དང་།ཉོ་འཚོང་ལྟེ་གནས་ཀྱིས་སུས་འཇོན་དེ་འགུག་བྱས་པ་བརྒྱུད་འབྲུ་རིགས་གསར་པ་ཉོས་ནས་ཁ་གསབ་བྱེད་བཞིན་ཡོད།བརྒྱུད་རིམ་དེས་འབྲུ་རིགས་གྲབས་གསོག་གི་སྤུས་ཚད་གསར་པ་ཡོང་རྒྱུར་འགན་ལེན་བྱས་པར་མ་ཟད།ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འབྲུ་རིགས་ཁྲོམ་རའི་མཁོ་སྤྲོད་དོ་མཉམ་ཡོང་རྒྱུར་རོགས་འདེགས་ཀྱང་བྱས་ཡོད།

ཀུང་ཟིས་ཆབ་སྲིད་ཀྱི་སྤྱི་ཡོངས་བརྟན་བརླིང་དང་དམངས་ཚིས་དངོས་ཡོད་དགོས་མཁོར་དམིགས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ།རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད། ཁྲོམ་རའི་མཁོ་སྤྲོད་འཕར་ཆག་བྱུང་སྐབས་ཀུང་ཟིས་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་གྲབས་གསོག་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་ཁྲོམ་རའི་གནས་ཚུལ་ལ་དོ་སྣང་བྱས་ཏེ།འབྲུ་སྣུམ་ཐོན་སྐྱེད་བཟོ་གྲྭ་སོགས་དང་དུས་ཐོག་ཏུ་འབྲེལ་འདྲིས་བྱས་ནས།རྙིང་ཚབ་གསར་བརྗེའི་འཆར་གཞི་ལེགས་སྒྲིག་བྱས་ཏེ་མཁོ་སྤྲོད་ཀྱི་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་འབྲུ་རིགས་གྲབས་གསོག་དེ་གསོག་ཐུབ་པ་དང་དོ་དམ་ཡག་པོ་བྱེད་ཐུབ་པ།སྐོང་འཐེན་བྱེད་ཐུབ་པ།བེད་སྤྱོད་ཐུབ་པ་བཅས་འགན་ལེན་བྱ་དགོས།རིམས་ནད་སྐབས་ཀུང་ཟིས་མཁོ་སྤྲོད་འགན་ལེན་གྱི་ཆེད་དོན་འཛིན་གྲྭ་དང་སྡེབ་སྐྱེལ་ཚན་ཆུང་བཙུགས་ནས་སྔ་རྗེས་སུ་སྡེབ་སྐྱེལ་རླངས་འཁོར་ཐེངས200ལྷག་བཏང་བ་དང་།སྡོད་ཁུལ247སྡེབ་སྐྱེལ་ཞབས་ཞུ་བྱས་ནས་གུང་ཧོ་ས་ཁུལ་གྱི་འབྲུ་སྣུམ་ཁྲོམ་ར་བརྟན་པོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

མཛོད་ན་འབྲུ་རིགས་ཡོད་ཚེ་སེམས་འཚབ་མི་དགོས་ཞེས་པ་ནང་བཞིན་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད།འབྲུ་གསོག་མི་སྣ་ཁག་གཅིག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འབྲུ་མཛོད་སྲུང་བ་དང་དོ་དམ་ཡག་པོ་བྱེད་པའི་གོ་དོན་ཟབ་མོར་འགྲེལ་བཤད་བྱས་ཡོད་ལ།རྗེས་ཕྱོགས་ཁོ་ཚོས་མུ་མཐུད་དུ་དུས་རབས་གསར་པའི་རླབས་རྒྱུན་ཁྲོད་འབྲུ་རིགས་གསོག་འཇོག་བྱ་གཞག་གི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་དུ་བརྩམས་ནས།ང་ཚོའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།།