མུན་ནག་ནང་གི་ངོ་གདོང་།

༼མཚོ་སྔོན་མི་རིགས་སློབ་ཆེན།༽ ཕག་མོ་རྡོ་རྗེ།

《 海南报-藏文 》( 2024年07月31日 第 04 版 )

ངོ་གདོང་དེ་ནི།

ཆེས་སྤྱིར་བཏང་དང་ཆེས་རྣམ་དག

ཆེས་ལྷད་མེད་དང་ཆེས་དྭངས་གཙང་།

ཡིད་སེམས་ལ་སྐྱོ་ལྷང་ལྷང་གི་ཚོར་བ་སྟེར་བའི་ངོ་གདོང་ཞིག་རེད།

——སྔོན་འགྲོ།

ངོ་གདོང་དེ་ནི་ལྷ་མོ་གང་ཞིག་གིས་མིའི་རིགས་ཀྱི་ཉམས་ང་བའི་ལས་དབང་མཐོང་ནས་མྱ་ངན་གྱིས་སྤྱན་ཆབ་བསིལ་བའི་ངོ་གདོང་དེ་འདྲ་ཞིག་རེད།ངོ་གདོང་དེ་ནི་འབར་ཞུན་འཚོང་བའི་བུ་མོ་ནང་བཞིན་དབུལ་ཕོངས་དང་ལྟོགས་སྐོམ་གྱིས་མནར་ཡང་འབྱུང་འགྱུར་གྱི་འཚོ་བ་འཛུམ་གྱིས་བསུ་བའི་ངོ་གདོང་དེ་འདྲ་ཞིག་རེད། ངོ་གདོང་དེ་ནི་མཐོང་ཐེངས་རེ་ལ་མིག་ཆུ་རེ་འདོན་དགོས་པའི་ངོ་གདོང་ཉམས་དག་པ་ཞིག་རེད་ལ།མིག་ཆུ་ཕྱིས་ནས་ཕྱིར་ཡི་རིངས་ཀྱིས་འཛུམ་ཙམ་བྱེད་དགོས་པའི་བརྟན་ལྷིང་གི་ངོ་གདོང་ཞིག་ཀྱང་རེད།ངོ་གདོང་དེ་ནི་འཇིག་རྟེན་གྱི་མུན་པ་ཡོད་ཚད་སྐད་ཅིག་ལ་སངས་པར་བྱེད་པའི་གསེར་མདོག་གི་ཉི་མ་ལྟ་བུའི་ངོ་གདོང་ཞིག་རེད་ལ།ཚ་ཟེར་གྱིས་གདུང་བའི་མི་རྣམས་ལ་བསིལ་ཟེར་གྱི་དངོས་གྲུབ་གནང་བའི་ཟླ་བ་ལྟ་བུའི་ངོ་གདོང་ཞིག་ཀྱང་རེད།

ངོ་གདོང་དེའི་ཕག་ན་མིའི་རིགས་ཀྱི་ལྷད་མེད་ཀྱི་བརྩེ་བ་འཁྱིལ་ཡོད་ལ། སྐྱུག་བྲོ་བའི་ཧམ་སེམས་དང་ཞེན་ལོག་པའི་འདོད་རྔམ་ཀྱང་བསྐུང་ཡོད།ངོ་གདོང་དེའི་ཕག་ན་མི་རིགས་ཤིག་གི་ལས་དབང་ཡོམ་ཡོམ་དུ་འགུལ་གྱི་ཡོད་ལ།འདྲ་མཉམ་མ་ཡིན་པའི་ཚེ་སྲོག་མང་པོ་ཞིག་གིས་འཕག་འཚག་ཀྱང་རྒྱག་བཞིན་འདུག ད་ནི་གང་ཡིན་ན་ཡིན་དུ་ཆུགས།ཧམ་སེམས་དང་སྒེར་སེམས་ཀྱིས་གཏམས་པའི་མིའི་རིགས་དུམ་བུ་དེ་ཚོར་མི་ཆོས་དང་རྒྱུ་འབྲས་བཤད་ས་གང་ནས་འགྲོ།བྱམས་སེམས་དང་སྙིང་རྗེ་གླེང་ས་ཅི་ལྟར་འགྲོ།དེ་བས།ངས་ཀྱང་རང་གི་སྨྱུ་གུར་གྲིབ་ཕོག་ཏུ་འཇུག་མི་འདོད་པས་སྔར་བཞིན་ངོ་གདོང་དེ་གླེང་བར་བྱ།ངོ་གདོང་དེ་བུ་མོ་ཆུང་ཆུང་ཞིག་གི་ངོ་གདོང་རེད།མོས་མུན་ནག་གི་ཀློང་ནས་འབར་ཞུན་ཞིག་ལ་མེ་སྒྲོན་རྗེས་ཧ་ཅང་སྙན་ལ་ཐོས་པའི་རང་དབང་མེད་པར་མིག་ཆུ་འཆོར་བའི་སྐད་གདངས་ཤིག་གིས“རང་ཉིད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།རང་ཉིད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། ”ཞེས་ཡང་ཡང་ལེན་གྱིན་འདུགམོའི་ཟང་ཟིང་གི་སྐྲ་ལོ།རལ་ཞིང་ཚིལ་སྟུག་ལ་སོང་པའི་ལྭ་བ།ཐུང་ཞིང་ནག་རག་ཆགས་པའི་ལག་པ།འོད་མདངས་ལམ་ལམ་འཕྲོ་བའི་མིག་ཟུང་།སྐམ་ཞིང་རིད་པའི་ལུས་པོ།ཡང་ཡང་ཐལ་མོ་རྡེབ་པའི་བཟོ་ལྟ།ལྷད་མེད་དྭངས་གཙང་གི་ངོ་གདོང་སོགས་གང་ལ་བལྟས་ཀྱང་སེམས་འགུལ་མི་ཐེབས་པ་ག་ལ་སྲིད།མིག་ཆུ་མི་འཆོར་བ་ག་ལ་སྲིད།

མི་ལོ་ཉི་ཤུ་ལྷག་གི་རིང་ལ་ང་རང་ངུས་པ་གྲངས་མེད་ཡོད་མྱོང་མོད།རང་ལ་འབྲེལ་བ་ཅི་ཡང་མེད་པའི་ཕྱི་ཡུལ་གྱི་མི་ཞིག་གི་ཆེད་དུ་མིག་ཆུ་བཏོན་པ་ཐེངས་དང་པོ་ཡིན།སེམས་ཁོང་གི་སྙིང་རྗེ་རིལ་མ་ལྟ་བུ་དེའང་བྱམས་སེམས་ཁབ་མིག་ལྟ་བུ་དེའི་རྐྱེན་ཡིན་ནམ། གང་ལྟར་ངས་རང་ཉིད་ཅིའི་ཕྱིར་ངུ་དགོས་པར་བསམ་བློ་གང་ཡང་བཏང་མྱོང་མེད།དེ་ནི་ངའི་གཤིས་སུ་ཐོག་མ་ནས་ཡོད་པའི་བོད་ཀྱི་ཐུན་མིན་གྱི་ཁྱད་གཤིས་ཤིག་ཡིན་ཡང་སྲིད།གལ་ཏེ་མིའི་རིགས་ལ་སྙིང་རྗེ་མེད་པ་ཡིན་ན། མིའི་རིགས་ལ་བྱམས་སེམས་མེད་པ་ཡིན་ན།ཡི་རིངས་དང་གོང་བཀུར་མེད་པ་ཡིན་ན། བཟོད་སྒོམ་དང་མཛའ་མཐུན་མེད་པ་ཡིན་ན།གཞི་རིམ་གྱི་མི་རྣམས་ཅི་ལྟར་འཚོ། རྒྱུ་འབྱོར་དང་དབང་གྲགས་ཆུང་བའི་མི་རྣམས་ཅི་ལྟར་གསོན།ཚན་རྩལ་དང་དཔལ་འབྱོར་རྗེས་ལུས་ཀྱི་མི་རྣམས་ཀྱིས་ཟ་མ་ཅི་ལྟར་ཟ།མི་ཡུལ་ལ་དྲོད་ཁོལ་མཁོ།མིའི་རིགས་ལ་བྱམས་སེམས་མཁོ།ཁྱོད་དང་ང་ཡིས་ལག་ཟུང་མཉམ་དུ་སྦྲེལ་ན་འཚོ་བར་ད་གཟོད་རེ་བ་ཡོད།འོད་སྣང་ཡོད།ང་ཚོར་དགོས་པ་འགྲན་རྩོད་རྐྱང་རྐྱང་མིན་ཏེ།ང་ཚོ་ལྷོད་ལ་བབས་ཆོག ང་ཚོ་དལ་ལ་ཕབས་ཆོག ང་ཚོས་ཇ་དཀར་ཡོལ་གང་ལ་ཧུབ་བྱས་ནས་མཛེས་སྡུག་གི་འཚོ་བ་གླེང་ཆོགང་ཚོས་འདི་དང་འདི་ལྟ་བུའི་ངོ་གདོང་མང་པོར་སྙིང་རྗེ་སྐྱེས་ཤེས་དགོས་པ་ལས།གཞན་གྱི་ངོ་གདོང་མུན་ནག་ཏུ་བདས་ཤིང་རང་གི་ངོ་གདོང་ཡང་མུན་ནག་ཏུ་བསྒྱུར་ག་ལ་རུང་།

མུན་ནག་གི་ཀློང་ན་ངོ་གདོང་ཞིག་ཡོད།ངོ་གདོང་དེ་བུ་མོ་ཆུང་ཆུང་ཞིག་གི་ངོ་གདོང་རེད།ངས་ངོ་གདོང་དེར་བལྟས་ནས་མིག་ཆུ་བཏོན།མུན་ནག་གི་ཀློང་ན་ངོ་གདོང་ཞིག་ཡོད། ངོ་གདོང་དེ་ནི་སྐྱེས་པ་ཚོའི་ཡིད་དབང་འཕྲོག་པའི་མཛེས་མའི་ངོ་གདོང་དེ་འདྲ་མིན་ལ། སྨན་ཤར་ཚོའི་བླ་སྲོག་འགུག་པའི་སྟག་ཤར་གྱི་ངོ་གདོང་དེ་འདྲའང་མིན།ངོ་གདོང་དེ་ཧ་ཅང་དྭངས་གཙང་ཞིག་ཡིན།ཧ་ཅང་ལྷད་མེད་ཅིག་ཡིན།སུས་མཐོང་ཡང་མིག་ཆུ་དབང་མེད་དུ་འཆོར་བའི་ངོ་གདོང་ཞིག་ཡིན།