ལིས་ཀང་པེ་ཅིན་དུ་སོང་ནས་ཚོང་འགུག་དངུལ་འདྲེན་གྱི་ བྱ་བར་འབྲེལ་མཐུད་བྱས་པ།

《 海南报-藏文 》( 2024年07月17日 第 01 版 )

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས7ཉིན་ནས་ཚེས8ཉིན་བར།ལིས་ཀང་པེ་ཅིན་དུ་སོང་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་།ནུས་ཁུངས་ཅུའུ།ནགས་རྩྭ་ཅུའུ་སོགས་ཀྱི་པུའུ་ཨུ་ལ་སོང་ནས།ཚོང་འགུག་དངུལ་འདྲེན་གྱི་བྱ་བར་འབྲེལ་མཐུད་བྱས་ཤིང་།རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནུས་ཁུངས་ཅུའུ།ནགས་རྩྭ་ཅུའུ་སོགས་རྒྱལ་ཁབ་པུའུ་ཨུའི་འབྲེལ་ཡོད་མགོ་ཁྲིད་རྣམས་ལའང་རེ་རེ་བཞིན་མཚོ་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ་ཕུལ་ཅིང་།དུས་ཡུན་རིང་བོར་མཚོ་ལྷོ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཐུགས་ཁུར་ཆེན་པོ་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས་པ་མ་ཟད།དག་གཙང་ནུས་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་འོད་བསྡུ་བྱེ་འགོག་བྱ་བར་སྐུལ་འདེད་བྱེད་པ།བྱང་གསུམ་ནགས་སྲུང་བཟོ་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་བསམ་ཚུལ་བཏོན།ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བླང་བྱ་གལ་ཆེན་བཏོན་ཡོད་ལ།ཉེ་བའི་ལོ་འགའི་རིང་ནས་བཟུང་།མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་དེང་རབས་ཀྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པར་བསྟན།

ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་ནུས་རྒྱུ་གཙང་མའི་ཐོན་ལས་མཉམ་བསྐྲུན་ལ་འབད་འབུངས་བྱེད་པ།སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཀྱི་ཁ་ཕྱོགས་ནུས་རྒྱུ་གཙང་མའི་ཕྱོགས་སུ་བསྒྱུར་ནས་ཐོན་ལས་གསར་བའི་ལམ་ཁར་བསྐྱོད་པ་མངོན་འགྱུར་བྱུང་ཞིང་། འོད་ནུས་ཐོན་ལས་ཀྱི་འཕེལ་རྒྱས་ཆེན་པོས་སྐྱེ་ཁམས་སྐྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས།དམངས་ཚིས་ལེགས་བཅོས།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་མ་ཟད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེས་ཐུགས་ཁུར་གནང་བཞིན་པའི་སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ནུས་པ་བླ་ལྷག་ཐོན་པར་བྱས།རྒྱལ་ཁབ་པུའུ་ཨུའི་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་ཀྱང་མཚོ་ལྷོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་མ་ཟད།མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས་པའི་ནང་དོན་ལ་ཁ་གསལ་གྱིས་ལན་བཏབ།

རྗེས་ཕྱོགས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་བཅོས་སྒྱུར་ལ་དོ་སྣང་ཤུགས་ཆེན་བྱ་རྒྱུ་ཡིན་པ་མ་ཟད།བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དང་།སྲིད་ཇུས་དང་ལས་གཞི།མ་དངུལ་སོགས་ཀྱི་ངོས་ཐད་ནས་རྒྱུབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་བསམ་ཚུལ་བསྟན་པ་རེད།ལིས་ཀང་གིས་མཚོ་ལྷོ་ནི་ཆུ་དང་འོད་ནུས།རླུང་།གཏེར་ཁ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ།མིག་སྔར་འཛུགས་སྐྲུན་བྱས་ཟིན་པ་དང་འཛུགས་བཞིན་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི4616ལ་སླེབས་ནས་མཚོ་ལྷོའི་འཕེལ་རྒྱས་ལ་དགེ་མཚན་ཆེན་པོ་ཐོན་ཡོད་ཟེར།ཁེ་ལས་པ་རྣམས་ཀྱིས་ཀྱང་ད་དུང་མུ་མཐུད་དུ་མཚོ་ལྷོར་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་བྱ་རྒྱུ་ཡིན་པ་མ་ཟད།མཉམ་ལས་དང་ལས་གཞི་དངོས་འབེབ་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ཞིག་ལོན་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།