ཅང་སུའུ་དང་མཚོ་སྔོན་བར་མཉམ་འབྲེལ་བྱས་ཏེ་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ནན་ཅིན་དུ་བསྐྱལ་བ།

རང་ཚགས་པར་གྱི་འཕྲིན། ཟླ1པའི་ཚེས8ཉིན་ནས10ཉིན་བར། ཅང་སུའུ་དང་མཚོ་སྔོན་དཔུང་སྦྲེལ་གྱིས་ལོ་མཇུག་ལ་དྲོད་ཁོལ་སྦྱིན།མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ནན་ཅིན་དུ་བསྐྱལ་ཞེས་པའི་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་རབ་དང་རིམ་པ་ནན་ཅིན་དུ་སྤེལ་ཞིང་། སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་དང་སློབ་གླིང་མཉམ་སྒུལ། གྲོང་མིས་རོལ་མྱོང་སོགས་མཉམ་འགུལ་ཆེན་པོ་གསུམ་བརྒྱུད་དེ། རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། དག་གཙང་མཚོ་ལྷོ་ཡི་ཟོང་རྟགས་འགུག་ཤུགས་མངོན་པར་བྱས་ནས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་ལས་ཐད་རིག་གནས་ཡུལ་སྐོར་གྱི་སྒུལ་ཤུགས་གསར་པ་བསྣན།

ཚེས8ཉིན། མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་འཐུས་ཚབ་ཚོགས་པས་ནན་ཅིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་མགོ་ཁྲིད་དང་བརྗེ་རེས་བྱས་པ་དང་། རང་ས་གནས་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཉམས་ལེན་མཉམ་བསྲེས་གཙོ་ཡིན་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་།ཕྱོགས་གཉིས་ཀྱིས་རྗེས་མཐུད་ཀྱི་བྱེད་སྒོ་རབ་དང་རིམ་པ་ལག་བསྟར་བྱེད་པའི་ཐད་སྦྲེལ་མཐུད་བྱས་ནས།ཉིན་གསུམ་གྱི་བྱེད་སྒོའི་ཐད་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་བཏིངས།

ཚེས9ཉིན་གྱི་སྔ་དྲོར་སྤེལ་བའི་ཅང་སུའུ་དང་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྦྲེལ་མཐུད་ཅེས་པའི་ཡུལ་སྐོར་ལས་དོན་ཁང་གི་མཉམ་ལས་བཞུགས་མོལ་ཚོགས་འདུའི་སྟེང་། ཅང་སུའུ་ཡི་མིང་དུ་གྲགས་པའི་ཡུལ་སྐོར་ལས་དོན་ཁང་དང་མཚོ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག མཛེས་ལྗོངས་ཁུལ་གཙོ་བོའི་འགན་ཁུར་མི་སྣ40ལྷག་ཞུགས་ཡོད་པ་དང་། མཚོ་ལྷོ་ཁུལ་གྱིས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱ་དགའི་རོགས་སྐྱོར་ལག་བསྟར་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ཤིང་། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་ཚལ་རྔ་འགག་སོགས་མཛེས་ལྗོངས་ཁུལ་གྱིས་ཆེད་གཏོགས་གཟིགས་སྐྱོང་སྲིད་ཇུས་བཏོན་པར་མ་ཟད། ཡུལ་དངོས་ནས་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་འཛད་སྤྱོད་བྱང་བུ་མང་པོ་འགྲེམ་གཏོང་བྱས། ཅང་སུའུ་ཡི་ཁེ་ལས་ཁ་ཤས་ཀྱིས་བློ་འདོན་ཇུས་འབུལ་བྱས་ལ། ཅང་སུའུ་ཡི་ཡུལ་སྐོར་ལས་དོན་ཁང་ལྔ་ཡིས་མཚོ་ལྷོ་ཁུལ་གྱི་མཛེས་ལྗོངས་ཁུལ་བར་མཉམ་ལས་གྲོས་མཐུན་ཡི་གེ་བཀོད་ནས་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་།

ཉིན་དེར་ད་དུང་གློག་བརྙན་གྱི་རྗེས་འབྲངས་ནས་ཡུལ་སྐོར་ལ་སྐྱོད་པའི་བྱེད་སྒོ་ནན་ཅིན་དགེ་འོས་སློབ་ཆེན་དུ་སྤེལ་བ་དང་། ཟས་མཆོག་ལ་མྱོང་དཔྱད་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན།བོད་ལྭ་ཉམས་ལེན་སོགས་རྣམ་པ་མང་པོ་བརྒྱུད་དེ་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ཀྱིས་སློབ་རའི་འཚོ་བར་སྤྲོ་སྣང་བསྩལ།

ཚེས10ཉིན། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་ཚོགས་འདུས་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་དང་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན། བརྗེ་རེས་ཉམས་ལེན་སོགས་རྣམ་པ་བཞི་བརྒྱུད་དེ། མཐོང་ལམ་དང་བྲོ་བ། ཉམས་ལེན་སོགས་ཕྱོགས་མང་པོའི་སྟེང་མཐོ་སྒང་གི་མཛེས་སྡུག་ཉམས་སུ་མྱོང་བ་རེད།

དུས་ཡུན་ཉིན་གསུམ་གྱི་བྱེད་སྒོ་རབ་དང་རིམ་པ་ནི་མཚོ་ལྷོ་ཁུལ་གྱིས་ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཕྱོགས་མང་པོའི་སྟེང་ནས་མཚོ་ལྷོ་ཁུལ་གྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་པར་མ་ཟད། ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱ་བསྐྱེད་ལ།དག་གཙང་མཚོ་ལྷོའི་ཟོང་རྟགས་ཀྱི་མིང་གྲགས་དང་ཤུགས་རྐྱེན་ཆེར་བཏང་སྟེ། ས་ཁུལ་གཉིས་ཀྱིས་རྗེས་ཕྱོགས་རིག་གནས་ཡུལ་སྐོར་དང་ཐོན་ལས་སོགས་ཁྱབ་ཁོངས་ནས་མཉམ་ལས་བཟང་བོ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།།

(ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།)