རང་ཁུལ་གྱིས་སྒོར་དུང་ཕྱུར90ཡི་གན་རྒྱ་བཞག་ནས་མཚོ་སྔོན་ལྗང་མདོག་གློག་རྩིས་མཉམ་སྒྲུབ་ཚོད་ལྟའི་ཞིང་ཆེན་བསྐྲུན་པར་གཞོགས་འདེགས་བྱས།

རང་ཚགས་པར་གྱི་འཕྲིན།ཉེ་སྔོན། གསར་འགོད་པས་མཚོ་ལྷོ་ཁུལ་ཨུའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཁུལ་གྱིས་སྒོར་དུང་ཕྱུར90ཡི་མཉམ་འབྲེལ་གྲོས་མཐུན་གན་རྒྱ་བཞག་པ་དང་།ལྗང་མདོག་རྩིས་ཤུགས་དང་རིག་གནས་ཡུལ་སྐོར།ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་སུ་ཁེབས་ཡོད་ལ། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་རྩིས་མཉམ་སྒྲུབ་ཚོད་ལྟའི་ཞིང་ཆེན་ཐོག་མ་བསྐྲུན་པར་གཞོགས་འདེགས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ལྗང་མདོག་གློག་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གནམ་གཤིས་བསིལ་བ། མཁའ་དབུགས་གཙང་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས།མཚོ་སྔོན་ལ་རྒྱལ་ཡོངས་ཀྱི་ལྗང་མདོག་གློག་རྩིས་མཉམ་སྒྲུབ་ཚོད་ལྟའི་ཞིང་ཆེན་ཐོག་མ་བསྐྲུན་པའི་ཆོག་མཆན་ཐོབ། མཚོ་ལྷོ་ཁུལ་ནི་རང་ཞིང་གི་ནུས་ཁུངས་གཙང་མའི་དཀྱིལ་སྙིང་ས་ཁུལ་དང་རྒྱལ་ཁབ་ཀྱི་ཤར་གྲངས་ནུབ་རྩིས་ཀྱི་བཀོད་པའི་ལྟེ་བའི་དཀྱིལ་སྙིང་ཆེན་པོ་གཉིས་ཀྱི་ཁོངས་གཏོགས་ཡིན་པས། མཐོ་སྒང་གི་གཞི་གྲངས་ཆེན་མོ་དར་སྤེལ་བཏང་སྟེ་ལྗང་མདོག་གློག་དེ་ལྗང་མདོག་རྩིས་ཤུགས་སུ་བསྒྱུར་བའི་འཐབ་ཇུས་ཀྱི་ལས་འགན་ཁུར་བཞིན་ཡོད།ཆུ་འཛོམས་པ་དང་འོད་མང་བ། རླུང་བཟང་བའི་རང་བྱུང་གི་ནུས་ཁུངས་ལ་བརྟེན་ནས། མཚོ་ལྷོ་ཁུལ་གྱིས་ཆུ་འོད་མཐུན་སྦྱོར་སྙོམས་སྒྲིག་མངོན་འགྱུར་བྱས་ཏེ། ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར50ལས་བརྒལ་བ་དང་།ལྗང་མདོག་གློག་གི་ཟིན་ཚད100%རུ་སླེབས་ཡོད།རླུང་ཤུགས་གློག་འདོན་དང་འོད་ཤུགས་གློག་འདོན་འཕྲུལ་ཆས་ཀྱི་ཤོང་ཚད་ཅི་ཝ40ལས་བརྒལ་བའི་འཆར་ཟིན་བཀོད་དེ། ལྗང་མདོག་རྩིས་ཤུགས་ལ་འདང་ངེས་ཀྱི་ཐཱན་ཉུང་ནུས་ཁུངས་འདོན་སྤྲོད་བྱས།མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་དྲ་སྦྲེལ་འཕྲུལ་ཆས་སྟོང་ཁྲི3066ལ་སླེབས་ནས་སྟོང་ཝ་བྱེ་བ་ཅན་གསུམ་གྱི་རིམ་པའི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱས།

དེར་མ་ཟད། མཚོ་ལྷོ་ཁུལ་གྱིས་གཙང་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་རུ་བཟུང་སྟེ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་བཞིན་ཡོད་པ་དང་། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། གློག་རྩིས་མཐུན་སྦྱོར་གྱི་ཐཱན་ཉུང་ཐོན་ལས་འདུས་སྡོད་ཁུལ་འཕེལ་རྒྱས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས།ལྗང་མདོག་གློག་གིས་ལྗང་མདོག་རྩིས་ཤུགས་ལ་ནུས་པ་འདོན་པ་དང་། ལྗང་མདོག་རྩིས་ཤུགས་ཀྱིས་ལྗང་མདོག་གློག་གི་འཕེལ་རྒྱས་ལ་ནུས་པ་འདོན་པའི་འཁོར་བསྐྱོད་ཀྱི་ཕན་ནུས་འདོན་པ་དང་།ཆེད་དམིགས་ཀྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་བཏོན་ནས་ལྗང་མདོག་རྩིས་ཤུགས་ལས་གཞི་མཐོ་ཤོས་ལ་མ་དངུལ་གྱི20%ཡི་བྱ་དགའ་སྤྲོད་ཅིང་།ས་ཆ་བེད་སྤྱོད་ཆོག་པའི་ཆོག་མཆན་བཀོལ་ཏེ།ས་མུའུ་རེར་སྒོར་ཁྲི4ལས་མི་བརྒལ་བའི་མ་རྩ་དམའ་བའི་འགན་སྲུང་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱས་ཆོག

མིག་སྔར། གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ཁུལ་དུ་རིག་སྟོབས་གྲོང་ཁྱེར་ལྟེ་གནས་དང་ལྗང་མདོག་རིག་རྩིས་ལྟེ་གནས་སོགས་དཀྱིལ་སྙིང་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། གློག་དྲའི་ལྷུ་ལག་ཆ་ཚང་གི་རིམ་འཕར་བཟོ་སྐྲུན་དང་མཉམ་དུ་ལག་བསྟར་བྱས་ཏེ་ལྗང་མདོག་རྩིས་ཤུགས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་པར་སྣེ་ཁྲིད་པའི་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་ངང་ཆགས་པར་ནུས་པ་གལ་ཆེན་བཏོན།།