མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་སློབ་རའི་རྩོམ་པ་པོ་ཆུང་ཆུང་ རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་བཅུ་བདུན་པ་སྤེལ།

རྩོམ་པ་ནི་ཡི་གེའི་བརྡ་ལ་བྱང་བ།ཚིག་གི་རྒྱན་ལ་འབྱོར་བ།བརྗོད་བྱའི་དོན་གྱིས་ཕྱུག་པའི་ཡོན་ཏན་རྨད་དུ་བྱུང་བ་ཞིག་ཡིན་པས་ན།མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་དུ་བགྲང་སྟེ་རིག་པའི་དཔའ་བོ་རྣམས་ཀྱི་ངག་ན་ཡང་ཡང་ཟློ་བཞིན་ཡོད་ལ།སྒོས་སུ་བོད་སྐད་ཡིག་ལ་སྦྱོང་བ་གནད་དུ་སྨིན་པ་ཞིག་བྱེད་པར་འབྲི་ཀློག་ཉན་གསུམ་གྱི་རྩ་བའི་ཐབས་ལམ་ཡ་མ་བྲལ་བར་རིམ་པ་ལྟར་ལག་ལེན་དངོས་ཀྱིས་ཉམས་མྱོང་གསོག་འཇོག་དང་འཇོན་ནུས་ཇེ་མཐོར་གཏང་རྒྱུ་ཤིན་ཏུ་གལ་ཆེ་བ་དང་།སློབ་བུ་རྣམས་ཀྱི་བསམ་གཞིག་གི་ནུས་རྩལ་དང་རྟོག་དཔྱོད་ཀྱི་བློ་གྲོས། རྩོམ་ཡིག་གི་འབྲི་རྩལ་ལ་ཚད་འཇལ་དང་།སློབ་སྦྱོང་གི་སྤྲོ་བ་དང་མོས་པ་བསྐྱེད་པ།རྩོམ་འབྲིའི་ནུས་པ་གསོ་སྐྱོང་གི་སྡིངས་ཆ་གསར་སྐྲུན་བཅས་ཀྱི་སླད་དུ།ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་བོད་སྐད་ཡིག་ཁྲིད་དཔྱོད་ཁག་གིས“སློབ་རའི་རྩོམ་པ་པོ་ཆུང་ཆུང”རྟགས་མའི་བོད་སྐད་ཡིག་གི་རྩོམ་ཡིག་འགྲན་སྡུར་སྐབས་བཅུ་བདུན་པ་སྤེལ།

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ། མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་གྱི་སློབ་བུ་ཐམས་ཅད་ཞུགས་ཤིང་།རྩོམ་ལུས་ལ་བཅད་པ་དང་།ལྷུག་མ།སྤེལ་མ་གང་རུང་དང་།རྩོམ་སྟངས་ལྷུག་རྩོམ་དང་སྙན་ངག་གཙོས་པའི་བརྩམས་ཆོས་འབོར་ཆེན་ལས། བོད་སྐད་ཡིག་གི་དགེ་རྒན་རྣམས་ཀྱིས་རྗོད་བྱེད་ཚིག་གི་འགྲོས་དང་བརྗོད་བྱ་དོན་གྱི་གཏིང་། རྣམ་དག་ལྟ་བའི་ཚུལ་བཅས་ལ་བརྟག་ཅིང་དཔྱད་དེ་ཐོག་མའི་འགྲན་རིམ་དུ་བརྩམས་ཆོས་བརྒྱ་ཕྲག་གསུམ་ལྷག་འོས་སྦྱོར་དང་དེ་དག་ལ་ཞུ་དག་ལེགས་པར་བགྱིས་ཤིང་།གཤིབ་བསྡུར་དང་བགྲོ་གླེང་གི་རིམ་པ་གཉིས་པའི་དཔྱད་འདེམས་ལས་མཐར་བརྩམས་ཆོས་བརྒྱ་ཕྲག་གཉིས་ལྷག་ཆེས་མཐའ་མའི་རྟིང་རྩོད་ཀྱི་རིམ་པར་གཏན་འཁེལ་བྱས།མཇུག་མཐར་རྩོམ་རིག་གཞུང་ལུགས་ལ་བློ་སྦྱོང་ལྡན་ཞིང་རྩོམ་འབྲིའི་ལག་ལེན་ལ་ནང་བྱན་ཆུད་པ།བརྩམས་ཆོས་འབྲི་སྦྱོང་གི་མཛུབ་སྟོན་ལ་ཉམས་མྱོང་མོད་པའི་དགེ་རྒན་དུ་མས་རིས་སུ་མ་ཆད་པའི་སྐར་གྲངས་བཀོད་རྗེས་ཨང་རིམ་བཀར།དེ་ལས་ཏཱ་རེ་སྒྲོལ་མ་སོགས་སློབ་བུ79ལ་རྟིང་སྐུལ་བྱ་དགའ་དང་།བུན་ཁྲང་ཚེ་རིང་སོགས་སློབ་བུ85ལ་ཕུལ་བྱུང་བྱ་དགའ། གནམ་བྱམས་སྒྲོལ་མ་སོགས་སློབ་བུ15ལ་ཨང་གསུམ་པའི་བྱ་དགའ།བཀྲ་ཤིས་མཚོ་སོགས་སློབ་བུ15ལ་ཨང་གཉིས་པའི་བྱ་དགའ།སྙིང་དཀར་སྐྱིད་སོགས་སློབ་བུ4ལ་ཨང་དང་པོའི་བྱ་དགའ་ཐོབ་ཅིང་།སློབ་བུ་ཚེ་རིང་སྒྲོལ་མ་ལ་ཐེངས་འདིའི་རྩོམ་པ་པོ་ཆུང་ཆུང་རྟགས་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་སློབ་རའི་རྩོམ་པ་པོ་ཆུང་ཆུང་གི་མཚན་སྙན་ཐོབ།

སྐབས་འདིའི་རྩོམ་ཡིག་འགྲན་སྡུར་དུ་ཞུགས་པའི་བརྩམས་ཆོས་ལ།བརྗོད་བྱ་གཏན་འཁེལ་མེད་པས་ཕྱི་ནང་སྣོད་བཅུད་ཀྱི་མཛེས་པ་དང་།བསམ་པ་དང་དངོས་པོའི་དཔལ་ཡོན་གྱི་འཕེལ་འགྱུར་སོགས་ཁྱབ་རྒྱ་ཤིན་ཏུ་ཆེ་བ་དང་།ཐ་སྙད་ཀྱི་ཞུན་བརྡར་ལེགས་ཤིང་སྤྱོད་སྟངས་ལ་བོད་ཀྱི་བརྡ་སྤྲོད་དང་སྐད་ཆའི་རྩམ་དྲི་དང་མར་དྲི་འཐུལ་བ།དཔེ་དོན་ཆུ་ལ་ཆུ་བཞག་དུ་སོང་བ།བརྩམས་ཆོས་ཧྲིལ་བོའི་བློས་བསླངས་ཁྱད་མཚར་ལ་རྒྱུ་འབྲས་ཀྱི་རྣམ་གཞག་དང་མཐུན་པ་བཅས་རྩོམ་པ་ལ་དབང་འབྱོར་བའི་ཁྱད་ཆོས་མཐོང་ཞིང་།དེ་ལས་བློ་དང་ལྡན་པའི་སློབ་བུ་རྣམས་ཀྱིས་ནམ་རྒྱུན་བརྩོན་པའི་བང་མི་ལྷོད་པའི་སློབ་སྦྱོང་ལ་གཡུར་ཟའི་འབྲས་བུ་སྨིན་ཞིང་།ཁོ་ཚོའི་ཤེས་རབ་ཀྱི་བློ་རྣོ་ལ་བསམ་གཞིག་གི་འགྲོས་མྱུར་བ།ཡང་དག་གི་ལྟ་བར་སེལ་མ་ཞུགས་པའི་དུས་རབས་གསར་བའི་མི་རབས་ཤིག་གི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་མངོན་དུ་གསལ།

བྱ་འགུལ་འདི་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ངང་བསྡུས་པ་བརྒྱུད།ངེད་སློབ་གྲྭའི་སློབ་བུ་རྣམས་ཀྱི་གནོན་ཤུགས་ལྕི་ཞིང་འཚུབ་ཆེ་བའི་སློབ་སྦྱོང་གི་རྣམ་པ་ཅུང་བག་ལྷོད་པར་བྱས་ཤིང་།སློབ་གསེང་གི་འཚོ་བར་དབུགས་དབྱུང་གི་སྐལ་བ་ལན་གཅིག་བྱིན་པར་མ་ཟད། སློབ་བུ་གང་མང་ཞིག་ལ་བྱ་དགའི་གཟིགས་བཟོས་སོགས་ཀྱིས་རྩོམ་ཡིག་འབྲི་སྦྱོང་ལ་མོས་འདུན་ཆེས་ཆེར་སྐྱེས་སུ་བཅུག་ནས་བོད་སྐད་ཡིག་གི་རྨང་གཞི་མཐོར་འདེགས་སུ་གཏང་བར་ནུས་པ་བླ་ལྷག་ཐོན་ཅིང་།སློབ་སྦྱོང་ལ་སྔར་ལས་ལྷག་པའི་སྤོབས་པ་དང་སྙིང་སྟོབས་ཆེན་པོས་འཇུག་པར་ངར་ཤུགས་བསྐྱེད་དོ།།(ཡོང་ཁུངས།མཚོ་སྔོན་པོ་དྲ་བ།)